བལ་ཡུལ་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲི་གཟིགས་སྐོར་ཕེབས་པ།

བལ་ཡུལ་གྱི་སྲིད་བློན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་གཞུང་དོན་འཚམས་འདྲིའི་ཆེད་བལ་ཡུལ་ནས་ཐོན་ཡོད་པ་རེད།

2009.12.26

༄༅༎བལ་ཡུལ་གྱི་སྲིད་བློན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་གཞུང་དོན་འཚམས་འདྲིའི་ཆེད་བལ་ཡུལ་ནས་ཐོན་ཡོད་པ་རེད།

ཁོང་ཕེབས་ཐོན་མ་གནང་གོང་གསར་འགོད་པ་ཚོར་ཁོང་གི་འཚམས་གཟིགས་འདི་ནི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་ཐབས་ཆེད་ཡིན་པ་གསུངས་པ་དང་རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་འཕྲད་སྐབས་བལ་ཡུལ་གྱི་འཛུགས་བསྐྲུན་ཡར་རྒྱས་ཀྱི་གནད་དོན་དང་དེ་མིན་ཡུལ་གྲུ་གཉིས་ཀའི་ཐོུང་གི་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པཱལ་ཉིན་གྲངས་ལྔའི་རིང་རྒྱ་ནག་ཏུ་བཞུགས་རིང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག། བལ་ཡུལ་སྲིད་བློན་གྱི་རྒྱ་ནག་གི་འཚམས་གཟིགས་འདི་ནི་བལ་ཡུལ་ནང་མའོའི་དམར་ཤོག་ཚོགས་པས་གལ་ཏེ་བལ་ཡུལ་གཞུང་ཕྱོགས་ནས་མའོའི་ཚོགས་པས་བལ་ཡུལ་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་བསམ་འཆར་ཁག་ལ་བདག་སྤྲོད་མ་བྱེད་ཚེ་བལ་ཡུལ་ཁྱོན་ཡོངས་སྒོ་བརྒྱབ་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་ཤུགས་ཆེ་བཏང་པ་དང་དུས་མཉམ་དུ་འཁེལ་བ་ཞིག་ཡིན་པ་རེད།

བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པཱལ་ནི་འདི་ལོ་མའོའི་དམར་ཤོག་ཚོགས་པ་གཞུང་འཛིན་ནས་དགོངས་ཞུ་བྱས་པའི་རྗེས་ཕྱི་ཟླ་ལྔ་པའི་ནང་སྲིད་དོན་ཤོག་ཁག་མཉམ་འདུས་ཀྱི་གཞུང་འདིའི་སྲིད་བློན་དུ་འོས་འདེམས་བྱུང་བ་ཞིག་ཡིན་ཞིང་ཁོང་རྒྱ་ནག་ཏུ་ཕེབས་སྐབས་གཙོ་བོ་རྒྱ་ནག་གི་ངོས་ནས་བལ་ཡུལ་ནང་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་བྱ་རྒྱུ་མཚོན་པའི་འཛུགས་བསྐྲུན་གྱི་ལས་གཞི་ཁག་ཅིག་གི་ནང་དཔལ་འབྱོར་གྱི་མ་རྩ་གཞི་རྒྱ་ཆེ་རུ་གཏོང་ཐབས་འབད་བརྩོན་གནང་རྒྱུ་ཡིན་སྐོར་བལ་ཡུལ་སྲིད་བློན་གྱི་གསར་འགོད་སློབ་སྟོན་པ་སྦིཤ་ནུ་རཱ་ཇལ་གྱིས་འགྲེལ་བརྗོད་བྱས་འདུག།

སྤྱིར་བཏང་བལ་ཡུལ་གྱི་སྲིད་བློན་གང་ཞིག་གསར་འདེམས་བྱུང་བ་དེས་གཞུང་འབྲེལ་གྱི་འཚམས་གཟིགས་དང་པོ་དེ་རྒྱ་གར་དུ་ཕེབས་སྲོལ་ཡོད་ན་ཡང་མའོ་དམར་ཤོག་ཚོགས་པའི་འགོ་འཁྲིད་པུཤ་པ་ཀ་མཱལ་རྡ་ཧལ་སྔ་ལོ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་རྗེས་རྒྱུན་སྲོལ་གྱི་ལམ་ལུགས་དེ་བཏོར་ཏེ་གཞུང་འབྲེལ་གྱི་འཚམས་གཟིགས་དང་པོ་དེ་རྒྱ་ནག་ཏུ་བསྐྱོད་ཡོད་པ་རེད།

འོན་ཀྱང་ད་ལྟའི་སྲིད་བློན་གྱི་གཞུང་འབྲེལ་འཚམས་གཟིགས་དང་པོ་དེ་རྒྱ་གར་དུ་གནང་སྟེ་མའོའི་དམར་ཤོག་ཚོགས་པས་བཟུང་བའི་སྲིད་བྱུས་ཁག་གཅིག་ལ་འགྱུར་བ་བཏང་ཡོད་ཀྱང་ད་ལྟའི་གཞུང་གསར་པ་འདིས་བལ་ཡུལ་དུ་གནས་པའི་བཙན་བྱོལ་བོད་མིའི་ཐོག་མའོའི་དམར་ཤོག་ཚོགས་པས་བྱས་པ་ལྟར་མུ་འཐུད་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎