མའོའི་གྱེན་ལོག་པས་གཞུང་འཛིན་འགན་ཁུར་བཞེས་དགོས་ལུགས།
2008.05.24
༄༅༎བལ་ཡུལ་གྱི་མའོའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་ པཱར་ཅན་རྡ་ ཡིས་གཞུང་འཛིན་འགན་ཁུར་བཞེས་དགོས་ལུགས་བལ་ཡུལ་གྱི་སྲིད་བློན་ གིར་ཇཱ་པར་སའ་རྡེ་ ཀོའེ་རེ་ལཱ་ ཡིས་རེས་གཟའ་སྤེན་པའི་ཉིན་གསུངས་གནང་འདུག
བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་འོས་བསྡུ་ཟླ་བ་སྔོན་མའི་ནང་གནང་སྐབས་ མའོའི་གྱེན་ལོག་ཤོག་ཁག་ལ་མང་མོས་རྒྱལ་ཁ་ཐོབ་ཡོད་སྟབས་ བར་བརྒལ་སྲིད་གཞུང་གི་འགན་ཁུར་གནང་རྒྱུའི་འགན་དབང་ཆགས་ཀྱི་ཡོད་པ་རེད་ ང་ཚོས་ཉིན་ཤས་ནང་ཚུད་བལ་ཡུལ་གྱི་བར་བརྒལ་སྲིད་གཞུང་བཟུང་གི་ཡིན་ཞེས་མའོའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་ ག་ཇུ་རཱལ་ གྱིས་གསུངས་གནང་འདུག བར་ལམ་བལ་ཡུལ་གཞུང་འཛིན་གནང་ཕྱོགས་ཐད་གླེང་སློང་རྒྱ་ཆེ་བྱུང་ཡོད་ཅིང་ མའོའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་འོག་ སྲིད་དོན་ཚོགས་པ་གཞན་ཁག་མཉམ་འདུས་ཀྱི་སྲིད་གཞུང་འཛུགས་གལ་ཆེ་བའི་གནད་དོན་གཙོ་བཟུང་བྱེད་མཁན་རིགས་ཤིག་ཡོད་ཀྱང་ མའོའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་འོག་སྲིད་དོན་ཚོགས་པ་གཞན་ཁག་མཉམ་འདུས་ཀྱི་སྲིད་གཞུང་བཟུང་འདོད་མེད་པ་རེད་ གལ་ཏེ་སྲིད་དོན་ཚོགས་པ་གཞན་ཁག་གིས་མནའ་སྦྲེལ་སྲིད་གཞུང་ནང་ཞུགས་འདོད་མེད་ན་ མའོའི་གྱེན་ལོག་ཤོག་ཁག་ཁྱེར་རྐྱང་གི་སྲིད་གཞུང་འཛུགས་འཆར་ཡོད་ལུགས་ མའོའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་ ག་ཇུ་རཱལ་ གྱིས་གསུངས་གནང་འདུག བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན་འདེམས་ཐོན་བྱུང་བའི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་དང་པོ་དེ་འགོ་བཙུགས་གནང་རྒྱུ་ཡིན་པ་དང་ ཚོགས་ཐེངས་དང་པོའི་ལས་རིམ་དང་པོ་ནི་ རྒྱལ་པོའི་རིང་ལུགས་རྩ་མེད་བཟོ་རྒྱུ་ཡིན་པ་རེད།།