བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མོས་མཐུན་ས་རྟགས་བཀོད་པ།
2015.08.10
ཕྱོཊ་འགལ་ཆབ་སྲིད་ཚོཊ་པ་ཁག་གིས་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མོས་མཐུན་གྱི་ས་རྟགས་བཀོད་པ་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་ངོས་འཛིན་གནང་བ།
དེ་ཡང་བལ་ཡུལ་གཞུང་ལ་ཁ་གཏད་ལངས་མཁན་གྱི་ཆབ་སྲིད་ཚོགས་པ་ཁག་གིས་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་ལས་དོན་སྤེལ་རྒྱུར་མོས་མཐུན་གྱི་ས་རྟགས་བཀོད་པ་དེ་ལོ་རྒྱུས་རང་བཞིན་ལྡན་པའི་འཕེལ་རྒྱས་ཤིག་ཡིན་པ་ངོས་འཛིན་གནང་ཡོད་པ་རེད་།
བལ་ཡུལ་གྱི་རྩ་ཁྲིམས་གསར་པ་བཟོ་རྒྱུར་ད་བར་འགོག་རྐྱེན་རིམ་པ་འཕྲད་ཡོད་པ་དང་། ཚེས་༩་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་Sushil Koirala མཆོག་གིས། བལ་ཡུལ་གྱི་རྩ་ཁྲིམས་གསར་པ་བཟོ་རྒྱུའི་གནད་དོན་ཐད་ཉིན་གྲངས་མང་པོའི་རིང་ཆབ་སྲིད་ཚོགས་པ་ཁག་དང་ཕན་ཚུན་གྲོས་མོལ་བྱས་པའི་རྗེས། གཟའ་སྤེན་པའི་མཚན་དགུང་ཡོལ་པའི་རྗེས་མོས་མཐུན་གྱི་ས་རྟགས་བཀོད་པ་དེ་ནི་༢༠༠༨ནས་ད་བར་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་གནད་དོན་ཐད་འཕེལ་རྒྱས་གསར་པ་གང་ཡང་མ་བྱུང་བའི་འགོག་རྐྱེན་ཆེན་པོ་དེ་སེལ་ཐུབ་པ་བྱུང་ཡོད་ཅིང་། དེར་བརྟེན་ངས་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་ལས་དོན་ནང་། གནས་ཚུལ་ཆུང་ཚགས་བསམ་ཚུལ་མི་མཐུན་པས་འགོག་རྐྱེན་དུ་མི་འགྲོ་བ་དང་། བལ་ཡུལ་རྒྱལ་ཁབ་གོང་འཕེལ་དང་ཡར་རྒྱས་ཕྱོགས་སུ་འཛུགས་སྐྲུན་བྱ་དགོས་པ་ཚང་མར་འབོད་སྐུལ་ཞུ་གིན་ཡོད་ཅེས་གསུངས་ཡོད་པ་རེད།
བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་Minendra Rajalམཆོག་གིས་ཀྱང་ཧྥ་རན་སི་གསར་འགྱུར་ལས་ཁང་ལ། གྲོས་ཆོད་དེར་ཁ་ས་མཚན་དགུང་དུ་མོས་མཐུན་བྱུང་བ་ཞིག་ཡིན་པ་དང་། ཆབ་སྲིད་ཚོགས་པ་ཁག་ཚང་མས་གྲོས་ཆམ་བྱུང་བ་དེ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་ཟིན་བྲིས་རྒྱབ་རྒྱུའི་ལས་དོན་སྤེལ་རྒྱུར་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་ཞིང་། ད་རེས་ཀྱི་གྲོས་འཆམ་བྱུང་བ་དེ་ནི་། ཕྱི་ཟླ་བདུན་པའི་ནང་བལ་ཡུལ་ཁྱོན་ཡོངས་ཀྱི་མང་ཚོགས་ཁྲོད་དུ་གོ་བསྡུར་དང་བགྲོ་གླེང་གི་བྱེད་སྒོ་རིམ་པ་སྤེལ་བ་དང་། སྐབས་དེར་གནས་སྟངས་ཁག་ཅིག་ལ་ལས་གཞི་དེར་དྲག་སྤྱོད་ཀྱི་དོན་རྐྱེན་འཕྲད་པ། དམིགས་བསལ་བལ་ཡུལ་གྱི་ལྷོ་ཕྱོགས་ཁུལ་དུ་དམར་ཤོག་ཚོགས་པ་གནས་ཡུལ་དེར་བྱུང་ཡོད་ཀྱང་ང་ཚོས་མང་ཚོགས་ཀྱི་བལྟ་སྟངས་དང་ལངས་ཕྱོགས་ལ་བསམ་ཤེས་གང་ཐུབ་ཡོང་ཐབས་འབད་བརྩོན་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།