བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་ཁྲིམས་ལ་གཏུགས་འདུག
2017.05.01

བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་བུད་མེད་དང་པོ་དེ་ཡིས་བལ་ཡུལ་གཞུང་གི་ལས་དོན་ཐོག་གང་བྱུང་གིས་ཐེ་བྱུས་བྱེད་བཞིན་འདུག་ཅེས་ཁྲིམས་གཏུགས་བྱས་འདུག
དེ་ཡང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་གཙོ་བོ་གཉིས་ལས་གྲུབ་པའི་མནའ་མཐུན་ཚོགས་པའི་ཚོགས་མི་Min Biswakarma ཡིས། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་ལྕམ་Kushila Karki མཆོག་གིས་མངོན་གསལ་དོད་པོའི་ཐོག་ནས། བལ་ཡུལ་གཞུང་གི་ཉེན་རྟོག་པའི་སྤྱི་ཁྱབ་ཀྱི་འདེམས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་བྱས་ཏེ། གཞུང་གི་ལས་དོན་ཐེ་བྱུས་བྱེད་ཀྱི་ཡོད་པའི་ནག་ཉེས་ཁྲིམས་འཛུགས་བྱས་ནས་ཁོང་ལས་གནས་ནས་ཕྱིར་འབུད་བྱེད་དགོས་ཀྱི་རེད་ཅེས་རེས་གཟའ་ཟླ་བའི་ཉིན་གྲོས་འཆར་བཏོན་ཡོད་ལུགས་AFP གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་དེ་བྱུང་ནས་ཚོུད་འགའ་ཤས་ཞིག་གི་རྗེས་སུ། བལ་ཡུལ་གྱི་སྲིད་བློན་གཞོན་པ་སྐུ་ཞབས་Bimalendra Nidhi མཆོག་གིས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལས་འགན་ནས་རྩ་དགོངས་ཞུས་གནང་ཡོད་པ་དང་། བལ་ཡུལ་གྱི་མནའ་མཐུན་ཚོགས་པའི་ཁོངས་སུ་གཏོགས་པའི་ཚོགས་པ་ཆུང་ཆུང་ཞིག་གིས་ཀྱང་བལ་ཡུལ་གཞུང་ལ་ཉེན་བརྡ་བཏང་ཡོད་པ་རེད།
ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན། ཆེས་མཐོའི་ཁྲིམས་དཔོན་ལྕམ་Karki ལ་རྒྱབ་སྐྱོར་གནང་མཁན་ཚོས་ལྕམ་Karki མཆོག་གིས། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་གྱི་ལས་འགན་བཞེས་རྒྱུན་རིང་ཡུལ་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོའི་ཐོག་ངོ་རྒོལ་ཤུགས་ཆེ་གནང་གི་ཡོད་ལུགས་གསུང་འདུག གང་ལྟར་ད་རེས་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་ལྕམ་Karki མཆོག་གི་ལས་དོན་གནང་ཕྱོགས་ཐད་ལ་ཞིབ་འཇུག་ཚོགས་པ་ཞིག་ཆེད་བཙུགས་ཀྱི་ཐོག་ནས་ཞིབ་འཇུག་ནན་པོ་གནང་བའི་རྗེས། གཞི་ནས་གྲོས་ཚོགས་ནང་ཁོང་ལས་གནས་ནས་ཕྱིར་འབུད་གཏོང་དང་མི་གཏོང་ཐད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་རྒྱུ་ཡིན་པ་རེད། ཡིན་ནའི་འདི་ལོ་ཕྱི་ཟླ་དྲུག་པའི་ནང་ཁོང་དགུང་གྲངས་༦༥་ཕེབས་ཡོད་པས་ཕྱག་ལས་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དུས་ཚོད་སླེབས་ཀྱི་ཡོད་སྟབས་ཞིབ་འཇུག་གི་ལས་དོན་དེ་ལམ་ལྷོང་བྱུང་བར་དུས་ཡུན་ངེས་མེད་འགོར་སྲིད་པ་རེད་ཅེས་གསུང་འདུག།
གསར་འགོད་པ་དབྱངས་སྒྲོལ།