མའོའི་ཤོག་ཁག་གིས་གཞུང་གསར་པར་རྒྱབ་སྐྱོར་བྱ་རྒྱུ།
2010.09.06
༄༅༎བལ་ཡུལ་གྱི་མའོ་ཤོག་ཁག་གིས་བལ་ཡུལ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཚོགས་པ་བདུན་གྱི་ནང་ནས་མའོ་ཤོག་ཁག་གི་དཔོན་རིགས་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་རྩོན་བྱེད་བཞིན་ཡིན་པ་དང་ གཟའ་ཉི་མའི་ཉིན་འོས་བསྡུ་སྤེལ་ནས་ཚོགས་པ་སུ་ལ་ཡང་རྒྱལ་ཁ་ཐོབ་རྒྱུའི་འོས་ཤོག་གྲངས་འབོར་ཐོབ་མེད་པར་བརྟེན་ དེ་རིང་གཟའ་ཟླ་བའི་ཉིན་བལ་ཡུལ་གྲོས་ཚོགས་ཀྱིས་གཟའ་མིག་དམར་ཉིན་བསྐྱར་དུ་འོས་བསྡུའི་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་ཕྱོགས་གལ་ཚོགས་པའི་གནོན་ཤུགས་འོག་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་བྱུང་བའི་རྗེས་ ད་ལོ་ཕྱི་ཟླ་དྲུག་པའི་ཚེས་༣༠ནས་བཟུང་གཞུང་མེད་པའི་གནས་སུ་གྱར་མུས་ཡིན་ཞིང་། ད་ལྟའི་ཆར་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་བདུན་གྱི་དཔོན་རིགས་ཚོས་སྲིད་བློན་གྱི་འོས་འདེམས་ནང་རང་སོ་སོར་རྒྱལ་ཁ་ཐོབ་ཐབ་བྱེད་བཞིན་པ་མ་ཟད། ད་རེས་ཀྱི་བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་མའོ་ཤོག་ཁག་ལ་རྒྱལ་ཁ་ཐོབ་ཕྱིར་རྒྱ་ནག་གཞུང་གིས་དཔལ་འབྱོར་སོགས་གང་ས་ནས་རོགས་རམ་དང་རྒྱུད་སྐུལ་བྱེད་བཞིན་པའི་གནས་ཚུལ་ཞིག་ཉིན་ཤས་གོང་བལ་ཡུལ་གྱི་གསར་འགྱུར་རྒྱུད་ལམ་གྱིས་རྒྱ་ནག་གི་གཞུང་ཚབ་མི་སྣ་དང་ མའོ་ཤོག་ཁག་གི་འགོ་ཁྲིད་དབར་ཁ་པར་བརྒྱུད་ནས་ཕན་ཚུན་སྐད་ཆ་བཤད་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་རེད།
གནད་དོན་དེའི་ཐོག་རྒྱ་གར་ཕྱོགས་ནས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་མའོ་ཤོག་ཁག་གིས་འདས་པའི་ལོ་ངོ་བཅུ་གྲངས་རིང་བལ་ཡུལ་གཞུང་དང་ནང་འཁྲུག་རྒྱབ་ནས་རྒྱལ་པོའི་སྲིད་དབང་ལམ་ལུགས་མེད་པ་བཟོས་ཡོད་པ་དང་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བལ་ཡུལ་ནང་ཐོག་མར་རྒྱལ་ཡོངས་འོས་འདེམས་བྱེད་པའི་སྐབས་འོས་འདེམས་འབྲས་བུར་མའོ་ཤོག་ཁག་ཚོགས་པ་གཅིག་གིས་བལ་ཡུལ་གྱི་གཞུང་འཛིན་རྒྱུར་རྒྱབ་སྐྱོར་གྱི་འོས་ཤོག་འདེངས་ངེས་མེད་པར་བརྟེན་ བལ་ཡུལ་ནང་གི་སྲིད་དོན་ཚོགས་པ་བདུན་མཉམ་འབྲེལ་ཐོག་ནས་གཞུང་སྐྱོང་རྒྱུའི་ལམ་ལུགས་འཛིན་ཡོད་པ་དང་ ད་རེས་ཀྱི་འོས་བསྡུའི་ནང་མའོ་ཤོག་ཁག་གིས་སྲིད་དོན་ཚོགས་པ་བདུན་པོའི་ནང་ནས་མའོ་ཤོག་ཁག་ལ་ད་རེས་ཀྱི་འོས་འདེམས་ནང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད།