མའོ་ཤོག་ཁག་གིས་གོ་གནས་མཐོ་ཤོས་གཉིས་ཀ་འཚོལ་གྱི་ཡོད་པ།
2008.06.01
༄༅༎བལ་ཡུལ་ནང་མའོ་དམར་ཤོག་ཚོགས་པས་ གཞུང་གསར་པའི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་མའོ་ཤོག་ཁག་ལ་དགོས་པའི་དགོས་འདུན་བསྐྱར་དུ་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་སྤེན་པའི་ཉིན་ཚོགས་པ་བདུན་ལས་གྲུབ་པའི་མནའ་འབྲེལ་གཞུང་གི་དབུ་ཁྲིད་རྣམ་པའི་ཚོགས་འདུའི་ཐོག་མའོའི་འགོ་ཁྲིད་རྣམས་ཀྱིས་བར་བརྒལ་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཏེ་ རྒྱལ་པོ་ཕྱི་འབུད་བྱས་པའི་རྗེས་སུ་ རྒྱལ་ཁབ་འཛིན་སྐྱོང་གི་དབང་ཆ་སྲིད་འཛིན་གསར་པར་དགོས་པ་དང་ སྲིད་འཛིན་དང་སྲིད་བློན་གཉིས་ཀ་མའོ་ཤག་ཁག་རང་ལ་དགོས་ལུགས་སྟོན་ཡོད་པ་མ་ཟད་ གལ་སྲིད་དེ་ལྟར་མ་བྱུང་ན་གཞུང་འཛིན་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་འདུག མའོ་ཤོག་ཁག་གི་འགོ་ཁྲིད་ རྡེཝ་པཱར་སཐ་ གུ་རུང་ གིས་ ང་ཚོས་གཞུང་འཛིན་པ་ཡིན་ན་ སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་དབུ་ཁྲིད་གཅིག་གིས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་སྦྲགས་ སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་ལས་འགན་ཚོགས་པ་གཞན་དང་མཉམ་འཛིན་གནང་ན་འགྲིག་ཐབས་མེད་པ་དང་ དཔེར་ན་གལ་སྲིད་འཛིན་གྱི་རྒྱལ་ཁབ་ཀྱི་དམག་སྤྱི་ཆགས་པ་ཡིན་ན་ སྲིད་བློན་ལ་འཛིན་སྐྱོང་གི་སྐུ་དབང་མེད་པ་ཆགས་རྒྱུར་བརྟེན་དེ་འདྲའི་གཞུང་དེ་ནུས་མེད་ཆགས་ཀྱི་རེད་ཅེས་གཏམ་བཤད་གནང་འདུག ཡང་མའོ་ཤོག་ཁག་གི་དབུ་ཁྲིད་ཨང་གཉིས་པ་ ཌོར་ཊར་ བཱ་ཏ་རའེ་ ཡིས་ སྲིད་བློན་གཱིར་ཇ་པར་སཐ་ ཀོའེ་རེ་ལཱ་ བར་བརྒལ་གྱི་གཞུང་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་གནང་དུས་འགྲིག་ཡོད་ཀྱང་ ད་ཆ་གཞུང་འཛིན་ཚོགས་པ་ཆེ་ཤོས་ཀྱི་དབུ་ཁྲིད་ཀྱིས་དེ་ལྟར་གནང་བ་མ་འགྲིག་པའི་རྒྱུ་མཚན་མེད་པས་ སྲིད་དོན་ཚོགས་པ་ཁག་གིས་དྲང་པོ་གནང་གི་མེད་ལུགས་སྐྱོན་བརྗོད་གནང་འདུག དེ་ལྟར་ཡང་ཚོགས་པ་གཞན་པ་ཚོས་མའོ་ཤོག་ཁག་གིས་དེའི་གོང་ལ་གཞུང་འཛིན་གྱི་དབང་ཚོགས་པ་གཞན་དང་མཉམ་བཞེས་གནང་རྒྱུར་མོས་མཐུན་གནང་བ་དང་རྒྱལ་འགལ་ཆགས་ཡོད་ལུགས་སྐྱོན་བརྗོད་གནང་མུས་ཡིན་འདུག འོན་ཀྱང་མའོ་ཤོག་ཁག་གིས་ཐག་གཅོད་དེ་ནི་རྒྱལ་པོའི་རིང་ལུགས་ཕྱིར་བསྡུ་གནང་རྒྱུའི་ཆེད་དུ་དམིགས་པ་ཙམ་ལས་གཞུང་འཛིན་གྱི་འགན་དབང་མཉམ་བཞེས་གནང་ཕྱོགས་དང་འབྲེལ་བ་མེད་ལུགས་གསལ་བཤད་གནང་གི་ཡོད་འདུག།