བལ་ཡུལ་གྱི་གྲོས་ཚོགས་ཀྱི་ལས་དུས་གཙང་རན་པ།
2011.05.26
༄༅༎བལ་ཡུལ་ནང་ད་ལྟའི་གཞུང་འཛིན་གྲོས་ཚོགས་ཀྱི་ལས་དུས་གཙང་རན་པ་དང་ གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་བྱ་རྒྱུར་མནའ་འབྲེལ་གཞུང་དང་ཕྱོགས་འགལ་་ཆབ་སྲིད་ཤོག་ཁག་དབར་འགལ་ཟླ་སེལ་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎
ད་ལྟའི་བལ་ཡུལ་གྱི་གྲོས་ཚོགས་འདི་བཞིན་༢༠༠༨ལོར་མི་མང་གིས་འོས་འདེམས་བྱས་ཡོད་པ་དང་ སྐབས་དེར་གྲོས་ཚོགས་ཀྱི་ལས་དོན་གཙོ་བོ་དེ་བཞིན་གཞུང་དང་མའོ་ཤོག་ཁག་དབར་བཞག་པའི་ཞི་འགྲིགས་ཀྱི་གྲོས་མཐུན་ཁག་ལག་བསྟར་བྱ་རྒྱུ་དང་ ལྷག་པར་དུ་བཅའ་ཁྲིམས་གསར་བཟོའི་ཟིན་བྲིས་གཏན་འབེབས་བྱ་རྒྱུ་ཡིན་པ་རེད་ ཡིན་ཡང་ དེ་ནས་བཟུང་ད་ལྟ་བར་གྲོས་ཚོགས་ཀྱི་དུས་ཡུན་གཙང་སྟེ་ ལོ་གཅིག་རིང་གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་བྱས་ཀྱང་ ད་དུང་ཞི་འགྲིགས་ཀྱི་གྲོས་མཐུན་ལ་ལག་བསྟར་དང་ བཅའ་ཁྲིམས་གསར་པ་ཟིན་བྲིས་གཏན་འབེབས་ཀྱི་ལས་དོན་གཉིས་ཀར་དོན་འཁྱོལ་བྱུང་མེད་པའི་ཐོག་ རེས་གཟའ་ཉིན་མ་འམ་ ཕྱི་ཟླ་འདིའི་ཚེས་༢༩ཉིན་ གྲོས་ཚོགས་ཀྱི་ལས་དུས་སླར་ཡང་གཙང་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད་ བལ་ཡུལ་གྱི་མའོ་ཤོག་ཁག་གཙོ་བོར་གྱུར་བའི་མནའ་འབྲེལ་གཞུང་གིས་ གྲོས་ཚོགས་ཀྱི་དུས་ཡུན་ཟླ་བ་༡༢རིང་སླར་ཡང་ཕར་འགྱངས་བྱ་རྒྱུའི་སྐོར་གྲོས་འཆར་བཏོན་ཡོད་པ་རེད་ ཡིན་ཡང་ བལ་ཡུལ་གྱི་ཕྱོགས་འགལ་ཀོང་རེ་སི་(Congress)སྲིད་དོན་ཚོགས་པས་ གལ་སྲིད་ལོ་གཅིག་རིང་གྲོས་ཚོགས་ཀྱི་ལས་དུས་ཕར་འགྱངས་བྱ་རྒྱུའི་དུས་ཚེས་ཀྱི་གྲོས་འཆར་དེའི་ནང་ བཅའ་ཁྲིམས་གསར་བཟོའི་ཟིན་བྲིས་གཏན་འབེབས་བྱ་རྒྱུའི་ཁས་ལེན་ཁ་གསལ་དགོས་པ་མ་ཟད་ གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་མ་བྱས་གོང་ དེ་སྔ་མའོ་གྱེན་ལངས་ཚོགས་པའི་ཚོགས་མི་ཚོའི་གོ་མཚོན་རྩིས་སྤྲོད་དགོས་པའི་ཆ རྐྱེན་བཏོན་འདུག་པ་དང་ གལ་སྲིད་ཆ་རྐྱེན་དེ་དག་ལ་མོས་མཐུན་མ་བྱུང་ཚེ་ གྲོས་ཚོགས་ཀྱི་ལས་དུས་ཕར་འགྱངས་བྱ་རྒྱུའི་གྲོས་འཆར་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད་ བལ་ཡུལ་གྲོས་ཚོགས་ཀྱི་ལས་དུས་ཕར་འགྱངས་མ་བྱུང་ཚེ་ གྲོས་ཚོགས་ཀྱི་གནས་བབ་དང་དབང་ཚད་ཁྲིམས་མཐུན་མེད་པར་འགྱུར་སྟེ་ སླར་ཡང་ཆབ་སྲིད་ཀྱི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་ཡོད་པར་སོང་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ནས་ བལ་ཡུལ་གྱི་མནའ་འབྲེལ་གཞུང་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཚོའི་དབར་ནང་ཁུལ་འགྲིགས་འཇགས་གནང་དགོས་པའི་སྐུལ་ལྕག་གནང་འདུག་ལ་ བལ་ཡུལ་གྱི་སྲིད་འཛིན་མཆོག་ནས་ཀྱང་དེ་མཚུངས་འབོད་སྐུལ་བྱས་འདུག་༎