བལ་ཡུལ་བརྒྱུད་སྐྱབས་བཅོལ་ཡོང་མཁན་བོད་མིར་སྲུང་སྐྱོབ།
2010.09.08
༄༅༎བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་དཔོན་རིགས་མཐོ་གྲས་ཤིག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་ལས་བྱེད་དང་ བལ་ཡུལ་གཞུང་གི་དཔོན་རིགས་ཚོས་རྒྱལ་སྤྱིའི་སྐྱབས་བཅོལ་གྱི་འབྲེལ་ཡོད་སྒྲིག་གཞི་གཞིར་བཟུང་ བལ་ཡུལ་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མི་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་གསུང་འདུག
ཀཐ་མན་དྲུ་ཚགས་ཤོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་བལ་ཡུལ་ནང་གི་སྐུ་ཚབ་སི་ཀྲེ་ཕེ་ནི་ཇེ་ཁེ་མེཏ་ལ་བོད་མི་སྐྱབས་བཅོལ་བ་ཚོའི་གནད་དོན་དང་ དེ་བཞིན་མ་འོངས་བལ་ཡུལ་གྱི་འབྲེལ་ཡོད་ལས་ཁང་གིས་དེའི་ཐོག་སྲིད་བྱུས་འཛིན་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུས་པའི་སྐབས་ ཁོང་གིས་ བལ་ཡུལ་གཞུང་གིས་ཉེ་བའི་ཆར་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མི་ཚོའི་ཐོག་འཛིན་པའི་སྲིད་བྱུས་ལ་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་དང་ བལ་ཡུལ་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གཉིས་ཀས་ཕྱི་ལོ་༡༩༩༠ལོའི་གོང་བཞག་པའི་བོད་མི་རྒྱ་གར་དུ་སྐྱབས་བཅོལ་ལ་བསྐྱོད་མཁན་ཚོའི་བདེ་འཇགས་ལ་བལ་ཡུལ་གཞུང་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གཉིས་ཀྱིས་སྲུང་སྐྱོབ་བྱ་དགོས་པའི་འབྲེལ་ཡོད་སྒྲིག་གཞི་བཞིན་ལག་བསྟར་དགོས་གལ་ཆེན་པོ་ཡིན་པའི་སྐོར་གསུང་འདུག ཡང་བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་སྐུ་ཚབ་སྐུ་ཞབས་ཇེ་ཁེ་མེཏ་ཡིས་མུ་མཐུད་གསུང་ན་ བལ་ཡུལ་གཞུང་གིས་ཕྱི་ལོ་༡༩༥༡ལོར་བཞག་པའི་རྒྱལ་སྤྱིའི་ཆིངས་ཡིག་ཁས་ལེན་ཞུ་རྒྱུའི་གཞུང་འབྲེལ་མཚན་རྟགས་བཀོད་མེད་ཀྱང་ བལ་ཡུལ་གཞུང་གིས་འཛམ་གླིང་སྤྱི་དང་འདྲ་བར་མི་གཞན་ལ་སྲུང་སྐྱོབ་བྱ་རྒྱུའི་རྒྱལ་སྤྱིའི་སྒྲིག་གཞི་ཁག་ལག་བསྟར་བྱ་རྒྱུའི་འོས་འགན་ཡོད་པ་རེད་ལ་ བོད་མི་བལ་ཡུལ་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཚོ་ནི་རང་ཡུལ་དུ་ཕྱིར་ལོག་བྱེད་ས་མེད་པར་བརྟེན་ནས་ རྒྱལ་སྤྱིའི་སྲུང་སྐྱོབ་ཐོབ་རྒྱུའི་རེ་འདུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཡིན་པར་བརྟེན་ འཛམ་གླིང་ཡུལ་གྲུ་ཚང་མས་དེར་སྲུང་སྐྱོབ་བྱ་རྒྱུ་དགོས་ཀྱི་རེད་ཅེས་གསུང་འདུག