བལ་ཡུལ་དམག་སྤྱི་ཟུར་པས་ཉེས་མེད་ཀྱི་གསལ་བཤད་གནང་བ།
2010.01.23
༄༅༎བལ་ཡུལ་གྱི་དམག་སྤྱི་ཟུར་པ་རུཀ་མན་གུརྡ་ཀ་ཏ་ལྦལ་ཡིས་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུར་མོས་མཐུན་མ་ཞུས་པའི་ཉེར་ལེན་གྱིས་བལ་ཡུལ་ནང་བརྟན་ལྷིང་མེད་པར་གྱུར་ཡོད་ཀྱང་དེའི་འགན་ཁུར་ཁོང་ལ་མེད་ལུགས་གསལ་བཤད་གནང་འདུག
བལ་ཡུལ་ནང་ཕྱོགས་ཚང་མས་འཚེ་མེད་ཞི་བ་དང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་ལམ་སྲོལ་བཅས་ལ་བློ་གཏད་བཅོལ་ན་ཞི་འགྲིག་ལས་དོན་འགྲུབ་ངེས་ཡིན་ལུགས་ཁོང་གིས་འགྲེལ་བརྗོད་གནང་འདུག དེང་གི་ཆར་བལ་ཡུལ་གྱི་གཞུང་དམག་དང་མའོའི་སྲིད་དོན་ཚོགས་པའི་དབར་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་མོད་ཀྱང་ཞི་འགྲིག་ལས་དོན་མཇུག་སྐྱོང་བྱེད་བཞིན་པ་ཡིན་ལུགས་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་ཕོན་ཆེ་སྡེབ་ཅིག་ཏུ་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུར་བལ་ཡུལ་གྱི་དམག་སྤྱི་ཟུར་པ་རུཀ་མན་གུརྡ་ཀ་ཏ་ལྦལ་ཡིས་མོས་མཐུན་མ་གནང་སྟབས། མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་སྟེ་བལ་ཡུལ་གཞུང་གི་འཛིན་སྐྱོང་གི་དབང་ཆ་ཤོར་བ་རེད། ཡང་བལ་ཡུལ་གཞུང་དམག་ཁོངས་སུ་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་ཕོན་ཆེ་བཅུག་པ་ཡིན་ན། དམག་མིའི་སྒྲིག་འཛུགས་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ཡོང་བཟོ་མེད་ཅིང་། དེ་ལྟར་བྱས་པ་ཡིན་ན། བལ་ཡུལ་གཞུང་དམག་གི་རྒྱལ་ཡོངས་ཀྱི་ཁྱད་ཆོས་དང་གཟུར་གནས་ཀྱི་ཁྱད་ཆོས། སྲིད་དོན་གྱི་ལྷད་མ་ཞུགས་པའི་རང་བཞིན་བཅས་མེད་པར་འགྱུར་ཉེན་ཡོད་པའི་དགོངས་ཚུལ་དམག་སྤྱི་ཟུར་པ་མཆོག་གིས་གསུངས་གནང་ འདུག བལ་ཡུལ་ནང་དྲག་སྤྱོད་ཀྱི་ལས་འགུལ་བསྐྱར་གསོ་མི་ཡོང་བ་བྱ་གལ་ཆེ་བ་དང་། ཡང་བལ་ཡུལ་གྱི་གཞུང་དམག་ཁྲིམས་ཀྱི་གོང་ན་མིན་པ་དེ་ལྟར་ཡང་གཞུང་དམག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བའི་སྐྱོན་འཛུགས་མང་དག་བྱུང་ཡོད་པ་ནས་་ད་བར་ཁུངས་བསྐྱེལ་ར་འཕྲོད་འཕེར་བ་བྱུང་མེད་ལུགས་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག།