བལ་ཡུལ་གནམ་ཐང་གི་ལས་བྱེད་པས་ལྐོག་ལེན་འགོག་ཐབས།
2009.06.29
༄༅༎བལ་ཡུལ་གྱི་རྒྱལ་སྤྱིའི་གནམ་ཐང་ལ་ལས་ཀ་བྱེད་མཁན་ལས་བྱེད་ཚོས་ལྐོག་རྔན་ལེན་པའི་དཀའ་ངལ་དེ་སེལ་ཐབས་སུ་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་གནམ་ཐང་ལ་ལས་ཀ་བྱེད་མཁན་གྱི་ལས་བྱེད་པ་ཚོར་སྟོད་གོས་སྒྲིག་ཆས་པ་ཀིར་མེད་པ་མཁོ་སྤྲོད་བྱ་རྒྱུའི་ཐབས་ལམ་ཞིག་གསལ་བསྒྲགས་གནང་ཡོད་པ་རེད།
གཞུང་གི་ལས་འཁུར་བེད་སྤྱོད་ལྡོག་པར་གཏོང་བའི་སྐྱོན་གནད་ཞིབ་འཇུག་གནང་མཁན་གྱི་ཚོགས་ཆུང་གི་མགྲིན་ཚབ་པ་ཨིཤི་ལྦོ་རི་པཱར་སརྡ་པོདྲ་ཡལ་ཞུ་བས་དེ་རིང་གསར་འགོད་ལྷན་ཚོགས་ལ་བཀའ་མོལ་གནང་བའི་ནང་གནམ་ཐང་གི་ལས་བྱེད་པ་ཚོས་འགྲུལ་པར་ལྐོག་དངུལ་དགོས་པའི་བསུན་བཙིར་བཟོ་གི་ཡོད་པའི་སྙན་གསེང་ཤུགས་ཆེ་བྱུང་བ་བཞིན་ཞིབ་འཇུག་བྱེད་སྐབས་གནད་དོན་དེ་ཚོ་བདེན་པ་ཡིན་པ་ར་སྤྲོད་ཐུབ་པ་ལྟར་གནམ་ཐང་གི་ལས་བྱེད་པ་ཚོས་འགྲུལ་པའི་འགྲམ་ནས་ལྐོག་རྔན་ལེན་རྒྱུ་བཀག་སྡོམ་ཐུབ་ཐབས་སུ་གཞུང་གིས་ལས་བྱེད་པ་ཚོར་སྟོད་གོསསྒྲིག་ཆས་པ་ཀིར་མེད་པ་མཁོ་སྤྲོད་བྱ་རྒྱུའི་ཐག་གཅོད་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
བལ་ཡུལ་གཞུང་གིས་ལས་བྱེད་པས་ལྐོག་རྔན་ལེན་པའི་སྐྱོན་གནད་ཞིབ་འཇུག་ཚན་པའི་མགྲིན་ཚབ་པ་ཁོང་གིས་གནད་དོན་མུ་མཐུད་ངོ་སྤྲོད་ཀྱི་ནང་ཚོགས་ཆུང་གི་ཞིབ་འཇུག་ནང་གནམ་ཐང་གི་ལས་བྱེད་པ་ཚོས་ལྐོག་རྔན་ལེན་པ་དང་འགྲུལ་པའི་དངོས་ཆས་རྐུ་འཁྱེར་བྱས་པའི་གནད་དོན་རྟོགས་ཞིབ་བྱུང་ཡོད་པ་དང་གནས་སྟངས་དེ་དག་ལ་ལེགས་བཅོས་མ་བྱུང་ཚེ་སྐྱོན་གནད་དེ་རིགས་ཕོག་པའི་ལས་བྱེད་པ་རྣམས་ལས་ཀ་ཤོར་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་མཱ་རྡེལྦ་ཀུ་མའར་ནེ་པལ་གྱིས་ཀྱང་གནམ་ཐང་ལས་བྱེད་པ་ཚོའི་སྤྱོད་ཚུལ་དེ་རིགས་ཀྱིས་ཏྲི་སྦུ་ལྦན་རྒྱལ་སྤྱིའི་གནམ་ཐང་ལ་མིང་འཕྱས་ངན་པ་བཟོ་ཡི་ཡོད་པའི་སྐྱོན་བརྗོད་གནང་ཡོད་འདུག