མའོ་དམར་ཤོག་ཚོགས་པའི་དབུ་ཁྲིད་སྲིད་བློན་ལ་བདམས་པ།
2016.08.03

བལ་ཡུལ་གྱི་དེ་སྔའི་མའོ་དམར་ཤོག་གྱེན་ལོག་ཚོགས་པའི་དབུ་ཁྲིད་བལ་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་གནང་ཡོད་པ།
དེ་ཡང་འདི་ཚེས་༢་ཉིན། བལ་ཡུལ་གྲོས་ཚོགས་ནང་འོས་བསྡུ་བྱས་བ་བརྒྱུད་གྲོས་ཚོགས་འཐུས་མི་༥༩༥་ཡོད་པ་ནས་འཐུས་མི་གྲངས་༣༦༣་གྱིས་བལ་ཡུལ་གྱི་དེ་སྔའི་མའོ་དམར་ཤོག་གྱེན་ལོག་ཚོགས་པའི་དབུ་ཁྲིད་Pushpa Kamal Dahal་མཆོག་ལ་འོས་ཤོག་བླུགས་ནས་བལ་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་གནང་ཡོད་པ་རེད།
དགུང་གྲངས་༦༡་ལ་ཕེབས་པ་Pushpa Kamal Dahal་འམ་ཡོངས་གྲགས་སུ་Prachanda་ཞུ་བ་ཁོང་ནི། ལོ་མང་རིང་བལ་ཡུལ་རྒྱལ་བརྒྱུད་རིང་ལུགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མའོ་དམར་ཤོག་གྱེན་ལོག་པའི་དབུ་ཁྲིད་གནང་མྱོང་ཡོད་པ་དང་། ཕྱི་ལོ་༢༠༠༦་ལོར་བལ་ཡུལ་གཞུང་དང་གྱེན་ལོག་པའི་དབར་ཞི་འགྲིགས་བྱུང་རྗེས། ཕྱི་ལོ་༢༠༠༨་ལོར་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་བྱུང་ནས། ཁོང་སྲིད་བློན་དུ་བསྐོ་བཞག་བྱུང་ཡོད་ཀྱང་ཁོང་གིས་དམག་དཔོན་ལས་གནས་ནས་ཕྱིར་འབུད་གནང་རྩིས་གནང་བའི་གནད་དོན་འབྲེལ་བའི་ཐོག་རྩོད་རྙོག་བྱུང་ནས་ཟླ་བ་དགུ་ཙམ་རྗེས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་ཡོད་པ་རེད།
Pushpa Kamal Dahal་མཆོག་གིས་ཁོང་སྲིད་བློན་གྱི་ལས་རྒྱུན་སྐབས་དང་པོ་གནང་སྐབས་ཁོང་ལ་འགྲན་ཟླ་ཅན་གྱི་མང་གཙོའི་ལམ་ལུགས་ཀྱི་ཉམས་མྱོང་མེད་པ་དང་། ལོ་མང་གྱེན་ལོག་པའི་ལས་འགུལ་སྤེལ་བའི་བག་ཆགས་སེམས་ནང་ཡོད་པ་སོགས་ཀྱིས་མང་གཙོའི་ལས་དོན་ཚགས་ཚུད་གནང་ཐུབ་མེད་ཀྱང་། ད་ཆ་མི་ལོ་བཅུ་ཙམ་ཀྱི་ཆབ་སྲིད་གོ་རྟོགས་ཀྱི་ཉམས་མྱོང་ཡོད་ལུགས་རྒྱ་གར་གྱི་The Hindustan Times་ཞེས་པའི་གསར་ལས་ཁང་ལ་གསུངས་འདུག
ཁོང་གིས་དབུ་ཁྲིད་པའི་མའོ་ཆབ་སྲིད་ཚོགས་པ་ནི། བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཨང་གསུམ་པ་དེ་ཡིན་པ་དང་། བལ་ཡུལ་གྲོས་ཚོགས་ལ་འཐུས་མི་གྲངས་༥༧༥་ཡོད་པའི་ནང་ནས་མི་གྲངས་༨༠་ནི་ཁོང་གི་ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་པ་རེད། Pushpa Kamal Dahal་འམ་Prachanda་ཁོང་ནི་Brahmin་ཞེས་པའི་ཧིན་རྡུའི་རིགས་མཐོ་བའི་ཁྱིམ་ཚང་ཞིག་ནང་འཁྲུངས་ཡོད་ཀྱང་ཁོང་གི་ནང་མི་ཉམ་ཐག་ཡིན་པ་དང་། ཆུང་དུས་ཁོང་ར་ལུག་དང་། མ་ཧེ་སོགས་འཚོ་ནས་འཚོ་བ་བསྐྱལ་ཡོད་འདུག ཁོང་གི་ཁྱིམ་ཚང་ཧ་ཅང་སྐྱོ་པོ་ཡིན་པའི་ཆ་ནས་དགུང་ལོ་༢༥ཕེབས་སྐབས་ཁོང་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་གནང་ཡོད་འདུག
ཁོང་གིས་རྒྱ་ནག་གི་རིག་གནས་གསར་བརྗེ་ལ་རྗེས་སུ་ཡི་རངས་གནང་ནས་ཕྱི་ལོ་༡༩༩༦་ལོར་མི་མང་གི་དམག་ཅེས་པའི་མའོ་གྱེན་ལོག་ཚོགས་པ་ཞིག་གསར་བཙུགས་གནང་ནས་གཞོན་སྐྱེས་དང་ཕྲུ་གུ་སྟོང་ཕྲག་མང་པོ་འཇབ་དམག་དམག་མིའི་ནང་བཅུག་ནས་བལ་ཡུལ་གཞུང་ལ་དམག་འཐབ་བྱས་ཡོད་པ་དང་། རིམ་པས་ཁོང་གི་ལས་འགུལ་ལ་རྒྱལ་ཁ་ཐོབ་ནས་ཕྱི་ལོ་༢༠༠༨་ལོར་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཡང་ཐོབ་ཡོད་པ་རེད།།
བལ་ཡུལ་གྲོས་ཚོགས་ཀྱིས་སྲིད་བློན་སྐུ་ཞབས་Oli་མཆོག་ལ་ཡིད་ཆེས་མེད་པའི་གྲོས་ཆོད་འཇོག་རྒྱུའི་གནད་དོན་རྐྱེན་པས་སྲིད་བློན་Oli་མཆོག་ད་ལྟའི་བལ་ཡུལ་གྱི་སྲིད་བློན་གྱི་ལས་འཁུར་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།