བལ་ཡུལ་ལ་ཡང་བསྐྱར་ཤུགས་ཆེའི་ས་ཡོམ་རྒྱབ་འདུག
2015.05.12
བལ་ཡུལ་ནང་ཡང་བསྐྱར་འགུལ་ཚད་བདུན་ལྷག་གི་ས་ཡོམ་རྒྱབ་ནས་རྒྱལ་ནང་གི་མི་ཚོ་ཞེད་སྣང་ཁྲོད་བསྐྱེལ་འདུག
དེ་ཡང་བལ་ཡུལ་ནང་༢༠༡༥ལོའི་ཟླ་༤་ཚེས་༢༥་ཉིན་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་སྟེ་མི་གྲངས་བརྒྱད་སྟོང་ལྷག་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་བྱུང་རྗེས་སླར་ཡང་དེ་རིང་ཕྱི་ཟླ་༥ཚེས་༡༢ཉིན་ས་ཡོམ་མགུལ་ཚད་༧་༣ བྱས་པ་ཞིག་བརྒྱབ་སྟེ། ད་བར་མི་གྲངས་༦༢ཙམ་རྐྱེན་འདས་སུ་སོང་བ་དང་། ཁང་པ་སྒྱེལ་བ། རི་ཉིལ་བ། ས་རུད་བརྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་དུ་བལ་ཡུལ་རྒྱལ་ས་ཀཐ་མན་ཌུའི་ས་ཁུལ་ནང་ཡོད་པའི་མི་ཁག་གཅིག་གིས་གནས་ཚུལ་འགྲེལ་བརྗོད་བྱུང་བར་གཞིགས་ན། ད་རེས་ཀྱི་ས་ཡོམ་དེས་རྐྱེན་པས་གཟའ་འཁོར་གསུམ་གྱི་སྔོན་ཁང་པར་སེར་ཁ་རྒྱས་པ་དེ་དག་ཆེ་རུ་སོང་བ་དང་། མི་རྣམས་ཐང་ཐེར་དུ་བསྡད་སྟེ་སོ་སོའི་སྡོད་ཁྱིམ་ནང་ལོག་རྒྱུར་ཧ་ཅང་དངངས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱུང་ལ། མ་ཟད་ས་ཡོམ་བྱུང་རྗེས་གློག་ཡང་མེད་པ་ཆགས་ཏེ་མི་མང་པོའི་སེམས་ནང་སླར་ཡང་གཟའ་འཁོར་གསུམ་གྱི་སྔོན་དཀའ་ངལ་ཆེན་པོ་འཕྲད་པ་བཞིན་སླར་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག ད་བར་རྒྱལ་ནང་གི་བོད་མི་ཤི་རྨས་བྱུང་བའི་གནས་ཚུལ་ཁ་གསལ་གང་ཡང་མེད་པ་རེད།
ད་རེས་ཀྱི་ས་ཡོམ་བྱུང་ཡུལ་ལྟེ་བ་ནི་བོད་དང་བལ་ཡུལ་གྱི་ས་མཚམས་རི་བོ་ཇོ་མོ་གླང་མའི་ཉེ་འདབས་གནམ་ཆེའི་ས་ཁུལ་ནས་རྒྱང་ཐག་སྤྱི་ལེ་༦༨ཙམ་གྱི་སར་བྱུང་ཡོད་པ་ཨ་རིའི་ས་ཞིབ་རྟོགས་ཞིབ་ལས་ཁང་གིས་བརྗོད་འདུག་ཅིང་། འདི་ནི་ངག་རྒྱུན་དུ་ཤར་ཁུམ་བུའམ་སོ་ལོ་ཁུམ་བུའི་ས་ཁུལ་གྱི་ཁོངས་ཡིན་པ་རེད། གསར་འགྱུར་བརྒྱུད་ལམ་ཁག་གིས་བལ་ཡུལ་གཞུང་དྲིལ་བསྒྲགས་ལས་ཁང་གིས་གནས་ཚུལ་གསལ་བསྒྲགས་བྱས་པ་ལུང་འདྲེན་བྱས་དོན་ལྟར་ན། ད་བར་མི་གྲངས་༦༢ཙམ་རྐྱེན་ལམ་སོང་བ་ད་བར་ཤེས་རྟོག་བྱུང་བའི་ཁར་མི་གྲངས་སྟོང་ཕྲག་བརྒལ་བར་རྨས་སྐྱོན་ཕོག་ཡོད་འདུག འོན་ཀྱང་ཁ་སྔོན་བྱུང་བ་ལྟར་ས་ཁུལ་མང་པོའི་གནས་ཚུལ་ད་དུང་ཡང་ཤེས་རྟོགས་མེད་ཅིང་། བལ་ཡུལ་གཞུང་དང་ངལ་སེལ་ཚོགས་པ་ཁག་གིས་ཐད་འཕུར་གནམ་གྲུ་བཏང་སྟེ་གནས་ཚུལ་རྟོགས་ཐབས་བྱེད་མུས་ཡིན་འདུག ས་ཡོམ་གྱི་གནས་ཚུལ་བྱུང་རྗེས་སླར་ཡང་བལ་ཡུལ་རྒྱལ་སའི་གནམ་ཐང་གནས་སྐབས་སྒོ་བརྒྱབ་ཡོད་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།