བལ་ཡུལ་དུ་གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་འཛིན་བཟུང༌།
2012.05.21
༄༅༎རྡ་ས་ནས་ལྷ་ས་བར་གོམ་བགྲོས་གནང་མཁན་གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་ཀྱིས་བལ་ཡུལ་ས་ཐོག་ཉིན་གྲངས་བརྒྱད་རིང་གོམ་བགྲོས་གནང་རྗེས། ད་རང་སྔ་དྲོ་ཀཐ་མན་དྲུ་ས་ཀི་ལོ་མི་ཊར་༡༥འི་སར་ཡོད་པའི་ཐུམ་པོ་རིན་ས་གནས་སུ་བལ་པོའི་ཉེན་རྟོག་པས་ཚེ་བརྟན་རྡོར་རྗེ་ལགས་འཛིན་བཟུང་བྱས་འདུག།
གོམ་བགྲོས་གནང་མཁན་དང་འབྲེལ་ཉེ་ཆག་པོ་ཡོད་པའི་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གསུངས་ན། བལ་པོའི་ཉེན་རྟོག་པས་ཚེ་བརྟན་རྡོར་རྗེ་ལགས་ཀྱིས་འདྲ་པར་ལག་ཏུ་བཟུང་སྟེ་སྒུག་སྡོད་བྱེད་བཞིན་ཡོད་པ་ལྟར། ཁོང་ཐུམ་པོ་རིན་ཟེར་སའི་ས་གནས་དེར་འབྱོར་མ་ཐག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག།
བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་ཀྱི་གནས་སྟངས་ཐད་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང༌། ཚོགས་པ་དེ་ཚོས་གནད་དོན་དེའི་ཐོག་ལྟ་ཞིབ་གནང་བཞིན་ཡོད་པ་མ་ཚད། གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་
རྒྱ་གར་དུ་ཕྱིར་ལོག་བཏང་སྲིད་པའི་སྐོར་གསུང་གི་འདུག་ཅེས་ སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་བཞག།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་ སྤེནཔ་ཚེ་རིང་མཆོག་གིས་རེས་གཟའ་སྤེནཔའི་ཉིན་ལྷན་ཚོགས་ཤིག་ཐོག་གསུང་བཤད་གནང་སྐབས་ གོམ་བགྲོས་གནང་མཁན་གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་བལ་ཡུལ་ནང་བཙོན་འཇུག་བྱ་རྒྱུ་རྒྱའི་ཉེན་ཁ་ཡོད་སྐོར་གསུངས་ཏེ། གཞུང་འབྲེལ་མ་ཡིན་པའི་བོད་པའི་ཚོགས་པ་ཁག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་བོད་བར་གོམ་བགྲོས་གནང་མཁན་ཚེ་བརྟན་རྡོར་རྗེ་ལགས་སུ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་མ་གནང་ཡོད་པ་རེད།
ཚེ་བརྟན་རྡོར་རྗེ་ལགས་མ་བུ་གསུམ་གྱིས་ད་ལོ་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་ཟླ་བ་གཉིས་ལྷག་ཙམ་རིང་ཀི་ལོ་མི་ཊར་༡༣༠༠ལྷག་གོམ་བགྲོས་གནང་རྗེས་བལ་པོའི་ས་མཚམས་ཉེན་རྟོག་པས་ཁོང་གསུམ་ཐོག་བཀག་འགོག་བྱས་རྗེས། མ་དོམ་བུ་སྐྱིད་དང་སྲིང་མོ་ལྷ་མོ་མཚོ་གཉིས་རྒྱ་གར་ལ་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་རེད།