བལ་ཡུལ་ནང་བོད་མི་ངོ་རྒོལ་བ་༡༢༠ཙམ་འཛིན་བཟུང་བྱས་པ།
2008.05.10
༄༅༎བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་གཟའ་སྤེན་པའི་ཉིན་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཐོངས་མཆན་སྤྲོད་སའི་ལས་ཁུངས་ཀྱི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་བོད་མི་༡༢༠ཙམ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་ནས་བོད་མི་ཞི་བའི་ངོ་རྒོལ་གནང་མཁན་ཚོའི་ཐོག་དྲག་གནོན་བྱས་པའི་རྗེས། འཛམ་གླིད་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་སྐད་འབོད་བྱེད་བཞིན་ཡིན་པ་ལྟར། བལ་ཡུལ་ནང་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་རྣོ་ངར་ཆེ་ཤོས་ཤིག་ཡིན་ཞིང་། དེའི་གོང་གི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་ལ་ཡང་བོད་མི་མང་པོ་ཞིག་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་ ད་དུང་ཁོང་ཚོར་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་ཡོད་མུས་བཞིན་ ད་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་ནང་གི་བོད་མི་ངོ་རྒོལ་བ་ཚོས་རྒྱ་ནག་གཞུང་ཚབ་ཀྱི་མདུན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་བོད་མི་༡༢༠ཙམ་འཛིན་བཟུང་བྱས་ཡོད་པ་རེད་ བལ་ཡུལ་ཉེན་རྟོག་དཔོན་རིགས་ཚོས་བོད་མི་༡༢༠དེ་དག་འཛིན་བཟུང་བྱས་དགོས་པ་ནི་ཁོང་ཚོས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པའི་སྲིད་བྱུས་དང་རྒྱབ་འགལ་ཕྱིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་ ཡིན་ནའང་འཛིན་བཟུང་བྱས་པའི་བོད་མི་དེ་དག་མགྱོགས་པོ་གློད་འགྲོལ་གཏང་རྒྱུ་ཡིན་པ་བརྗོད་འདུག།