བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག

2025.03.14
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག གནས་ཆུང་སྤྱན་འདྲེན་ཞུ་བཞིན་པ། ཟླ་ཚེས་མི་གསལ།
RFA

ཚེས་བཅུའི་གཟབ་གསོལ་སྐབས་དང་བསྟུན་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཆེད་དམིགས་བཀའ་ལུང་ཕེབས་པའི་ནང་ཕྱིའི་རོགས་དངུལ་ཡོང་ཕྱིར་ངང་སྲིང་གནང་ན་རིམ་བཞིན་དྭངས་སེལ་ཡོང་ངེས་ཡིན་པ་གསུངས་འདུག

ཕྱི་ཟླ་ ༣ ཚེས་ ༩ ཉིན། ཚེས་བཅུའི་གཟབ་གསོལ་སྐབས་དང་བསྟུན་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཆེད་དམིགས་བཀའ་ལུང་ཕེབས་པའི་ནང་། ཁ་བའི་ལྗོངས་ཀྱི་ཆབ་སྲིད་བྱེད་པོ་ཉིད་ནས་ཀྱང་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་གསུང་གི་བདུད་རྩི་སྙིང་དུ་བཅང་སྟེ་ལས་གཞི་གང་གི་ཐོག་ལ་ཡང་བཟོད་སྲན་མི་བྱེད་པར་རྩ་དོན་གྱི་ངོས་སུ་འབད་འཁུར་བགྱིད་པ་འདི་ནི་མཚུངས་མེད་འདོད་ཁམས་བདག་མོ་དང་གཟུངས་མེད་ངོས་ནས་ཀྱང་སྡོང་གྲོགས་ཞུ། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་དགུང་གྲངས་དགུ་བཅུར་གོ་སྟོན་གྱི་ལས་གཞི་ལག་བསྟར་བགྱིད་པ་འདི་ནི་ཤིན་ཏུ་ལེགས་ཚོགས་ཆེ་ལགས། ཕྱིའི་རིམ་གྲོར་ངོས་ནས་སྨྲ་བ་འདིས་འཐུས་ཤིག་ཅེས་བཀའ་ཕེབས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ནས་གནས་ཆུང་ཆོས་རྒྱལ་གྱི་བཀའ་ལུང་ཕེབས་པ་སྤེལ་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་ཡུལ་ནས་རོགས་དངུལ་ཡོང་ཕྱིར་ཅུང་ཞིག་ངང་སྲིང་དང༌། རིམ་བཞིན་གསལ་དྭངས་ཡོང་ངེས། ཡིད་དོགས་མ་མཛད་ཅིག དེའི་ཕྱིར་ཐབས་རིམ། གྲྭ་ཏོག་གསེར་གསུམ། རྡོ་རྗེ་སྡེར་མོའི་མདོ། འདོད་ཁམས་བདག་མོར་བསྐང་ཚོགས་གནད་སྨིན། བཤགས་པ་སྟོང་ཚར། གསེར་འོད་རྔ་སྒྲ། དུས་མཚུངས་ཕྱོགས་བཞིའི་མཆོད་རྟེན་རྣམས་ལ་སྐུ་དཀར་རབ་གནས། ཨྱོན་འབྱུང་བཞི་ལྷ་མོའི་གསོལ་འདེབས། ཕྱོགས་བཅུ་མུན་སེལ་འབད་ན་གཟུགས་མེད་ངོས་ནས་སྡོང་གྲོགས་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཆེད་དམིགས་བཀའ་ལུང་ཕེབས་པ་བཀོད་འདུག

དེ་བཞིན་ཚེས་བཅུའི་གཟབ་གསོལ་སྐབས་དང་བསྟུན་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་གཞན་ཞིག་ཕེབས་པའི་ནང་། ངོས་ཀྱི་གཙུག་ནོར་མཐོང་བ་དོན་ལྡན་མཆོག་གི་གསང་གསུམ་སྐུ་ལ་དྲི་ཕྲད་མ་མཆིས་ནའང་སྐྱེ་འགྲོའི་བསོད་ནམས་དམན་པས་སྤྱི་མཐུན་བསོད་ནམས་གསོག་ཕྱིར། འཕགས་པའི་བསྟོད་ཆེན་དང་འབྲེལ་གཟུངས་སྔགས་ཡི་གེ་དྲུག་མ་དུང་ཕྱུར། འཇམ་དཔལ་མཚན་བརྗོད་འབུམ་ཐེར། ཏཱ་རེའི་བསྟོད་པ་དང་འབྲེལ་ཏཱ་རེའི་གཟུངས་སྔགས་འབུམ་ཐེར། ༸རྒྱལ་བཀའ་དག་ཐོན། སྐུ་ཁམས་དར་འཕེན། པདྨའི་མནོལ་བསང༌། རི་བོ་བསང་མཆོད རྒྱུན་སྲིང་འབད་གལ་ཆེ་བ་དང་། ཡང་དོན་གཉིས་པར། ཁ་བའི་ལྗོངས་ཀྱི་བདེ་སྐྱིད་དོན་སླད། སྔོན་ནས་མང་བ་སྨྲད་ཟིན་པས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གིས་མ་འོངས་སྔོན་གཟིགས་ལམ་སྟོན་མཛད་ལྷག་གཞན་མ་མཆིས། ཕྱིའི་རིམ་གྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མདུད་པ་བརྟན་པོས་མཆོག་གསུམ་དཔང་དུ་འཛུགས་ཏེ་མཁས་བླངས་དམ་བཅའ་མ་དོར་བ་གལ་ཆེ། རྐྱེན་སེལ་རིམ་གྲོར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྲི་བཟློག་དང་ཌཱཀྐིའི་བཟློག་པ། ཁ་བའི་ལྗོངས་ཀྱི་དོན་ཆེན་འདི་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་ཙ་ན་གཟུགས་ཅན་རྣམས་ཀྱི་སྙིང་དུ་བཅང་སྟེ་འབད་གལ་གྱིས་ཤིག་སོགས་བཀའ་ཕེབས་ཡོད་འདུག །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎