དབྱིན་ཇིའི་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གིས་རྒྱ་གཞུང་དང་འབྲེལ་ཡོད་དྲྭ་ཐོག་འཇབ་རྒོལ་བས་བོད་མི་དང་ཡུ་གུར་བ་སོགས་ལ་གསང་ལྟ་མཉེན་ཆས་བརྒྱུད་སོ་ཉུལ་བྱེད་ཀྱི་ཡོད་སྐོར་ཐེར་འདོན་དང་དེ་འབྲེལ་བྱེད་ཕྱོགས་ལམ་སྟོན་བྱས་འདུག

2025.04.09
དབྱིན་ཇིའི་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གིས་རྒྱ་གཞུང་དང་འབྲེལ་ཡོད་དྲྭ་ཐོག་འཇབ་རྒོལ་བས་བོད་མི་དང་ཡུ་གུར་བ་སོགས་ལ་གསང་ལྟ་མཉེན་ཆས་བརྒྱུད་སོ་ཉུལ་བྱེད་ཀྱི་ཡོད་སྐོར་ཐེར་འདོན་དང་དེ་འབྲེལ་བྱེད་ཕྱོགས་ལམ་སྟོན་བྱས་འདུག ཨིན་ཡུལ་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གི་ལས་རྟགས།
NCSC

དབྱིན་ཇིའི་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་དང་། རྒྱལ་ཁབ་དྲུག་གི་རྒྱལ་སྤྱིའི་དྲྭ་གནས་བདེ་འཇགས་དང་གསང་བའི་ལས་ཁུངས་ཀྱིས། ཟླ་ ༤ ཚེས་ ༩ ཉིན་རྒྱ་ནག་དང་འབྲེལ་བ་ཡོད་པའི་དྲྭ་ཐོག་འཇབ་རྒོལ་བ་ཚོས་གསང་ལྟ་མཉེན་ཆས་རིགས་གཉིས་བེད་སྤྱོད་བཏང་སྟེ་ཡུ་གུར་བ་དང་། བོད་མི། ཐའེ་ཝན་མི་སེར་མཚོན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་གསང་ལྟ་བྱེད་བཞིན་ཡོད་པ་གསལ་བསྒྲགས་དང་། དེ་དོན་བྱེད་ཕྱོགས་སྐོར་ལམ་སྟོན་སྤེལ་འདུག

དེ་ཡང་གསལ་བསྒྲགས་ནང་གསལ་ལྟར་ན། རྫུན་བཟོ་མཉེན་ཆས་ ( MOONSHINE) དང་ (BADBAZAAR) ཞེས་པ་གཉིས་དེ་ཚུལ་མཐུན་མཉེན་ཆས་ཡིན་ཁུལ་གྱིས་མཉེན་མཛོད་དུ་བླུགས་ཏེ། གང་ཟག་སུ་རུང་ནས་དེ་ཉིད་ཕབ་ལེན་བྱས་ཚེ་མཉེན་ཆས་རྫུན་མ་འདི་དག་གིས་ཁ་པར་ཀྱི་སྒྲ་དང་པར་ཆས་ནང་གསང་འཛུལ་གྱིས་ཡིག་འཕྲིན་དང་པར་རིས། ས་གནས་གང་དུ་ཡོད་པའི་གནས་ཚུལ་བསྡུ་ལེན་གྱིས་ཁ་པར་བེད་སྤྱོད་བྱེད་མཁན་གྱིས་ཤེས་རྟོགས་མེད་པའི་ཐོག་ནས་ལྟ་སྲུང་བྱེད་ཀྱི་ཡོད་པ་རེད་འདུག

གསང་ལྟ་མཉེན་ཆས་ཀྱིས་བཙན་འཛུལ་བྱས་པའི་མཉེན་ཆས་རྣམས་འཛམ་གླིང་ཡོངས་སུ་རྒྱ་ནག་གཞུང་གིས་ཁོ་ཚོའི་བརྟན་ལྷིང་ལ་ཉེན་ཁ་ཡོད་པར་ངོས་འཛིན་བྱས་པའི་ལས་དོན་དང་འབྲེལ་བའི་མི་སྒེར་དང་ཚོགས་པ་ཁག་ལ་དམིགས་འབེན་དུ་བཟུང་སྟེ་བེད་སྤྱོད་གཏོང་བཞིན་ཡོད་ཅེས་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གིས་བརྗོད་འདུག

གསང་ལྟའི་མཉེན་ཆས་བརྒྱུད་གནས་ཚུལ་བསྡུ་རུབ་བྱ་ཡུལ་གཙོ་བོ་ནི། ཐའི་ཝན་རང་བཙན་ལས་འགུལ་བ་དང་། བོད་མིའི་རང་དབང་འཐབ་རྩོད་པ། ཡུ་གུར་བ། དེ་བཞིན་རྒྱ་ནག་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནང་གི་གྲངས་ཉུང་མི་རིགས་དང་། མང་གཙོ་དོན་གཉེར་བ། ཕ་ལུན་གོང་ཉམས་ལེན་པ་སོགས་འཚུད་ཡོད་པ་བསྒྲགས་འདུག་ཅིང་། དེའི་ཆེད་དྲྭ་ཐོག་འཇབ་རྒོལ་བ་ཚོས། བོད་གཅིག་དང་། (Audio Quran)ཞེས་པ་ལྟ་བུ་གནས་ཚུལ་བསྡུ་ཡུལ་མི་དེའི་སྐད་ཡིག་བཀོལ་སྤྱོད་མཐུན་རྐྱེན་ཡོད་པའི་མཉེན་ཆས་དྲྭ་ཐོག་ནས་བརྒྱུད་སྤེལ་བྱེད་པ་དང་། གཞན་ཡང་ཝ་ཚབ་(Whatsapp) དང་། ཨི་སི་ཀེབ་ (Skype)ལྟ་བུའི་མཉེན་ཆས་ལད་ཟློས་རྫུན་བཟོས་བྱས་ཏེ་མཉེན་ཆས་དེ་རིགས་ཕབ་ལེན་བྱེད་འཇུག་གི་ཡོད་པ་རེད་འདུག  

གནད་དོན་དེ་དང་འབྲེལ་ཏེ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས་རྒྱ་ནག་གཞུང་གིས་དྲྭ་ཐོག་ནས་བོད་མིའི་སྤྱི་ཚོགས་སོ་ཉུལ་མུ་མཐུད་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་སྙན་ཐོ་དེ་རྒྱལ་ཁབ་དྲུག་མཉམ་སྦྲེལ་གྱིས་བཏོན་ཡོད་པ་ནི་ཐེངས་དང་པོ་ཡིན་དུས་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། ལྷག་པར་ཐེངས་འདིར་རྒྱལ་ཁབ་དྲུག་གིས་རྒྱ་ནག་གི་བོད་མི་དང་། ཡུ་གུར་སོགས་ལ་ཁ་པར་སོགས་དྲྭ་ཐོག་ནས་སིམ་འཛུལ་གྱིས་གནས་ཚུལ་བརྐུ་ཁྱེར་བྱེད་ཀྱི་ཡོད་པ་གསལ་སྟོན་དང་། དེ་དོན་དོ་གཟབ་དགོས་གལ་གྱི་ལམ་སྟོན་གནང་བ་ནི་དམིགས་བསལ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་གི་འདུག

དེ་བཞིན་ཁོང་གིས་ལམ་སྟོན་དེའི་ནང་གཙོ་བོ་སོ་སོས་ངོ་ཤེས་གྲོགས་འདྲིས་མེད་པའི་མི་སྣས་ཡིག་ཆ་དང་། དྲྭ་ཐག་སོགས་བཏང་རིགས་ཁ་འབྱེད་རྒྱུ་མེད་པ་དང་། དེ་བཞིན་ཁ་པར་སོགས་སུ་མཉེན་ཆས་ཕབ་ལེན་བྱེད་སྐབས་མཉེན་མཛོད་ངོ་མ་ནས་ཕབ་ལེན་བྱེད་རྒྱུར་དོ་སྣང་བྱེད་དགོས་སྐོར་འཁོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དེ་ལྟ་བུའི་དྲྭ་རྒྱའི་ཉེན་ཁ་ནས་སྲུང་ཆེད་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གཙོས་པའི་ཨོ་གླིང་དང་། ཁེ་ན་ཊ། ཇར་མ་ནི། ནིའུ་ཛི་ལེནྚ། ཨ་རིའི་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་མཉམ་རུབ་ཀྱིས་ལམ་སྟོན་ཞིབ་ཕྲ་བཏོན་འདུག

གསང་བའི་གནོད་འཚེ་ཅན་གྱི་མཉེན་ཆས་ནི་བོད་གཅིག་ (TibetOne) ལྟ་བུའི་ཁྲིམས་མཐུན་འདྲ་བའི་ཁ་པར་མཉེན་ཆས་ནང་དུ་སྦས་ཡོད་ཅིང་། TibetOne ཞེས་པ་དེ་ནི་ཕལ་ཆེར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་མཛོད་ཁང་ལ་ཡར་འཇུག་བྱས་པའི་ iOS མཉེན་ཆས་ཤིག་ཡིན་ནའང་། ད་ལྟའི་ཆར་མཐོང་རྒྱུ་མེད། དེའི་ནང་དུ་ཡུ་གུར་བ། བོད་པ། དེ་བཞིན་ཐའེ་ཝན་གྱི་དམིགས་འབེན་ཚོར་གནོད་འཚེ་བྱེད་པའི་ (Badbazaar) སོ་མྱུལ་མཉེན་ཆས་ཡོད། དྲྭ་ཐོག་འཇབ་རྒོལ་བ་ཚོས་བོད་དང་འབྲེལ་བའི་ (Telegram) བརྒྱུད་ལམ་དང་ Reddit གྲོས་སྟེགས་ཁག་ཏུ་ཆེད་མངགས་ཀྱིས་སོ་མྱུལ་མཉེན་ཆས་བགོ་འགྲེམས་བྱེད་པ་མཐོང་རྒྱུ་ཡོད་པ་རེད།  

བོད་གཅིག་ (TibetOne)ཅེས་པའི་མཉེན་ཆས་ནི་ངན་སེམས་འཆང་མཁན་ཚོས་བཟོས་པའི་ iOS མཉེན་ཆས་ཤིག་ཡིན་པ་དང༌། དེར་འཕྲུལ་ཆས་ཀྱི་གནས་ཚུལ་དང་ས་གནས་གང་དུ་ཡོད་མེད་ལྟ་ཐུབ་པའི་ནུས་པ་ཡོད་པ་མ་ཟད། སོ་མྱུལ་མཉེན་ཆས་དེ་ཇེ་ཁྱབ་ཏུ་གཏོང་ཆེད་བྱེད་པོ་རྣམས་ཀྱིས་'tibetanphone' ཞེས་པའི་ Telegram བརྒྱུད་ལམ་དུ་མཉེན་ཆས་དེའི་ཁྱབ་བསྒྲགས་ཀྱང་བྱས་ཡོད། མཉེན་ཆས་དེར་ཁྲིམས་མཐུན་གྱི་རྣམ་པ་སྟེར་ཆེད། བཟོ་མཁན་རྣམས་ཀྱིས་'tibetone[.]org' ཞེས་པའི་དྲ་ཚིགས་ཤིག་ཀྱང་བཟོས་ཡོད་ལ། དེས་རང་ཉིད་ལ་'བོད་ཀྱི་རིག་གཞུང་ལ་དགའ་མོས་བྱེད་མཁན་རྣམས་ལ་ཕྱུག་ཅིང་སྤུས་ཚད་མཐོ་བའི་བརྩམས་ཆོས་ཁག་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

WhatsApp Image 2025-04-09 at 20.17.05_7970a5c3.jpg
བོད་གཅིག་ཅེས་པའི་མཉེན་ཆས་རྫུན་བཟོས་དྲྭ་ཐོག་ཁྱབ་སྤེལ་བྱེད་བཞིན་པ།

རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་གི་ལས་དོན་འགན་འཛིན་པོལ་ཅི་སི་ཊར་ (Paul Chichester)ལགས་ཀྱིས། ང་ཚོའི་རྒྱལ་སྤྱི་དང་བཟོ་ལས་མཉམ་ལས་པ་ཚོ་དང་མཉམ་དུ། ང་ཚོས་དྲ་ཐོག་ལྟ་སྲུང་གི་ཉེན་ཁ་ཡོད་པའི་མི་སྒེར་རྣམས་ལ་གསང་ལྟ་མཉེན་ཆས་ཀྱི་ཉེན་ཁ་ལ་གདོང་ལེན་བྱེད་པར་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད། ང་ཚོས་དྲྭ་གནས་ཐོག་རྒྱལ་མཚམས་བརྒལ་ཏེ་སྤྱི་ཚོགས་ལ་དམ་བསྒྲགས་དང་། ལྟ་སྲུང་འཇིགས་སྐུལ་བྱེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་མཐོང་གི་འདུག་ལ། ལྷག་པར་དུ་གསང་ལྟ་མཉེན་ཆས་རིགས་གཉིས་པོ་འདི་བེད་སྤྱོད་བྱེད་པ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན། ཞེས་དང་། དེ་བཞིན་ཁོང་གིས། དྲྭ་ཐོག་ལྟ་སྲུང་གི་ཉེན་ཁ་ཆེ་བ་ཡོད་པའི་མི་ཚོས་དོ་སྣང་ཆེ་བ་བྱེད་དགོས་པ་དང་། སོ་སོའི་ཁ་པར་སོགས་དང་། སྒེར་གྱི་གནས་ཚུལ་ཕྱིར་གྱར་མི་འགྲོ་བའི་ཆེད་ལྟེ་གནས་ཁང་གི་ལམ་སྟོན་ཁག་ལག་བསྟར་བྱེད་དགོས་པའི་རེ་སྐུལ་གནང་འདུག 

གཞི་རྩའི་རྒྱ་ནག་གཞུང་དང་དེ་འབྲེལ་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལས་འགུལ་སྤེལ་མཁན་གྱི་ཚོགས་སྒེར་ཁག་ལ་ཐབས་པ་དང་རྣམ་པ་འདྲ་མིན་ཐོག་ནས་སོ་ཉུལ་དང་། དམ་དྲག དྲག་གནོན་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་མ་ཚད། དེང་སྐབས་དྲྭ་རྒྱའི་དུས་སྐབས་སུ་དུས་བསྟུན་རྒྱ་ནག་གི་ཁ་གཏད་ཚོགས་སྒེར་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་ཆེད་དྲྭ་ཐོག་ནས་སོ་ཉུལ་བྱེད་བཞིན་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎