ཡུ་གུར་མི་རིགས་ཐོག་བཙན་དབང་ངལ་རྩོལ་མཚམས་འཇོག་ཡོང་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དགོས་པའི་ལས་འགུལ།

2021.10.30
ཡུ་གུར་མི་རིགས་ཐོག་བཙན་དབང་ངལ་རྩོལ་མཚམས་འཇོག་ཡོང་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དགོས་པའི་ལས་འགུལ། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནིསི་ཀེན་ཏར་ལགས་ལས་འགུལ་ཐོག་མཉམ་ཞུགས་གནང་བ།
པ་སངས་དོན་ལྡན།

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་(Enes Kanter)ཨེ་ནིསི་ཀེན་ཏར་ལགས་ཀྱིས། ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་གྱི་ཐང་སྟེང་དུ་འདུ་འཛོམས་བྱུང་བའི་ཡུ་གུར་མི་རིགས་ཀྱི་རང་དབང་ལས་འགུལ་བ་བརྒྱ་ཕྲག་ཁ་ཤས་ཡོད་སར་ཕེབས་ཏེ། ཨ་རིའི་གྲོས་ཚོགས་ནང་ཡུ་གུར་མི་རིགས་ཐོག་བཙན་དབང་ངལ་རྩོལ་མཚམས་འཇོག་ཡོང་བའི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་འགག་ནས་ཡོད་པ་འདི་གཏན་འབེབས་ཡོང་བའི་ཆེད་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་ཡོད་ཅིང་། ཁོང་གིས་སྐབས་དེར་ད་དུང་བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་ཤར་ཏུར་ཀིས་ཐན་གྱི་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད་པ། ཧོང་ཀོང་གི་མང་གཙོ་དང་། ཐེ་ཝན་གྱི་རང་དབང་དང་མང་གཙོར་རྒྱབ་སྐྱོར་གནང་གི་ཡོད་པ་ནན་བརྗོད་གནང་སོང་།
དེ་ཡང་ཁོང་གིས་གསུངས་དོན། NBA ཞེས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་གནས་དོན་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱ་ནག་གི་ཐོག་ལ་སྐད་ཆ་མ་གཤོད་པར་གནས་པ་འདི་ནི་ངོ་ཚ་པོ་དང་། ཡིད་ཞུམ་པ། བྱེད་སྟངས་སྐྱོ་པོ་ཞིག་ཆགས་ཡོད་པས། འདིའི་ཐད་ངས་ནམ་ཡང་ཁ་ཁུ་སིམ་པོར་སྡོད་ཐབས་མེད་ཅིང་། སྡུག་རྩུབ་ཅན་གྱི་རྒྱ་ནག་འགོ་ཁྲིད་ཞི་ཅིན་ཕིང་ལ་བརྡ་ལན་འདི་འཕྲོད་ཐབས་བྱེད་རྒྱུ་ཡིན་ཞེས་གསུངས་བ་དང་སྦྲགས། བོད་མི་ཚོར་དམིགས་བཀར་བརྡ་ལན་སྤྲད་པའི་ནང་། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་ཐེངས་གཉིས་ཁ་གསལ་པོ་བསྒྲགས་ཡོད་པ་རེད།
(Enes Kanter)ཨེ་ནིསི་ཀེན་ཏར་ལགས་ཀྱིས་ད་དུང་མུ་མཐུད། རྒྱ་ནག་གཞུང་གིས་ཡི་ཤུ་དང་། ནང་པ། ཁ་ཆེ་སོགས་ཆོས་དད་བྱེད་མཁན་ཚང་མར་སྡུག་རྩུབ་དང་དྲག་གནོན་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་འདི་ངོ་ཚ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་དང་། ཞི་ཅིང་ཕིང་གིས་ཁོང་གི་བཀའ་མོལ་འདི་གསན་གྱི་ཡོད་ན། འདི་ནི་མི་རབས་གསར་པའི་རེ་བ་བྱེད་སའི་འཐབ་རྩོད་ཅིག་ཡིན་ཞེས་གསུངས་ཤིང་། མི་མང་གིས་འདེམས་བསྐོ་བྱས་པའི་འགོ་ཁྲིད་ཚོས་ཚིག་སྐམ་སྟོང་བཤད་གཅིག་པོས་མི་འགྲིག་པར་རྒྱ་ནག་གི་ནང་དུ་སྡུག་རྩུབ་མྱངས་དང་མྱོང་བཞིན་པའི་མི་རིགས་འདི་དག་གི་ཆེད་ནུས་པ་ལྡན་པའི་ལས་དོན་བརྩམས་དགོས་པའི་འབོད་སྐུལ་གནང་སོང་།
ཨེ་ནིསི་ཀེན་ཏར་ཁོང་ད་རེས་ཨ་རིའི་རྒྱལ་སར་རྩེད་འགྲན་ཞིག་གི་ཆེད་ཕེབས་པའི་དུས་སྐབས་དང་བསྟུན། ཨ་རིའི་གྲོས་ཚོགས་མདུན་དུ་ལས་འགུལ་ནང་མཉམ་ཞུགས་གནང་བ་ཞིག་ཆགས་ཡོད་ཅིང་། དེ་མཚུངས་ཀྱི་ཨིནསི་ཊ་གྷིརམ་སྤྱི་ཚོགས་དྲ་རྒྱའི་ནང་ལྷམ་ཞིག་འགྲེམས་སྤེལ་ཁྱབ་བསྒྲགས་བྱས་པའི་ནང་ ༢༠༢༢ ལོའི་པེ་ཅིན་ཨོ་ལོམ་པིག་ལ་ངོ་རྒོལ་གྱི་འདྲ་པར་ཁྱབ་བསྒྲགས་སྤེལ་ཡོད་པ་མ་ཟད། ཨ་རིའི་རྒྱལ་སར་རྩེད་འགྲན་སྐབས་སུ་ལྷམ་འདི་ཁྱབ་བསྒྲགས་གནང་ཡོད་པ་རེད།
ཡུ་གུར་མི་རིགས་ཀྱི་འདུ་འཛོམས་ལས་འགུལ་ཐོག་བོད་པའི་སྐུ་ཚབ་དང་། ཧོང་ཀོང་སྐུ་ཚབ་བཅས་ཀྱིས་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཤིང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་ཀྱིས་ད་ལྟ་ཤར་ཏུར་ཀིས་ཐན་ནང་མྱོང་བཞིན་པའི་ངལ་རྩོལ་གྱི་སྡུག་རྩུབ་བྱེད་སྟངས་འདི་བོད་ནང་དུའང་གཅིག་འགྱུར་མྱངས་ཡོད་པ་གསུངས་ཏེ། ཚང་མས་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་འདི་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་སྡུག་རྩུབ་གཏོང་ཡུལ་ཡུ་གུར་མི་རིགས་དང་བོད་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་དྲག་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་སྦི་ཡོ་ཡི་སྐུ་ཚབ་ནས་ཁོང་གི་བརྡ་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ཤིན་ཅང་ནང་དུ་བྲན་གཡོག་ལམ་ལུགས་ཀྱིས་ཚོང་ཟོག་བཟོ་བཞིན་པ་འདི་འགོག་ཐབས་སུ་གྲོས་ཚོགས་འོག་མ་ནས་རྒྱབ་སྐྱོར་ཡོང་བ་དང་། སྦཡེཌན་སྲིད་གཞུང་གིས་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་པ་གསུངས་ཤིང་། འདིའི་ཐད་ཨ་རི་ཙམ་མིན་པར། འཛམ་གླིང་ནང་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱེད་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎