ལི་བི་ཡའི་དམག་གྲུ་བརྒྱད་གཏོར་རྒོལ།
2011.05.20
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས། ལི་བི་ཡའི་སྲིད་འཛིན་མོཨ་མར་ཀ་རྡ་ཕི་ཡང་ན་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་རྒྱུ་འམ་ཡང་ན་དབང་ཆ་མི་དམངས་ལ་རྩིས་སྤྲོད་བྱེད་རུ་བཅུག་རྒྱུའི་རེ་བ་བྱེད་པ་བཞིན། དེ་རིང་བྱང་ཨེཏ་ལེན་ཀྲིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་ཀ་རྡ་ཕི་ཡི་དམག་གྲུ་བརྒྱད་རྒོལ་རྡུང་བཏང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་ལི་བི་ཡ་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དེར་ལི་བི་ཡའི་དབང་འཛིན་པ་ཚོས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་བ་མ་ཟད། ཀ་རྡ་ཕིའི་བཟའ་ཟླ་དང་བོུ་ཁྱིམ་མཚེས་རྒྱལ་ཁབ་ཀྲུ་ནི་ཤི་ཡའི་ནང་བྲོས་བྱོལ་ཕྱིན་པའི་གནས་ཚུལ་དང༌། རྡོ་སྣུམ་གྱི་བློན་ཆེན་ཤུཀ་རི་ག་ནེམ་མགོ་བཏགས་ཞུས་པའི་སྐོར་གྱི་གནས་ཚུལ་ཐོན་བཞིན་ཡོད་ནའང་ད་དུང་མཐའ་གཅིག་ཏུ་ངོས་ལེན་བྱེད་ཀྱི་མེད་པ་རེད། བྱང་ཨེཏ་ལེན་ཀྲིཀ་སྤྱི་ཆིངས་སྒྲིག་འཛུགས་དང་མཐུན་ཕྱོགས་དམག་དཔུང་ཚོས། ཀ་རྡ་ཕི་ཡི་དམག་དཔུང་ཐོག་གནམ་ཐོག་ནས་གཏོར་རྒོལ་བཏང་བ་ཟད། རྒྱལ་ས་ཏྲི་པོ་ལི་མཚོ་ཁའི་ཐོག་མཚན་གང་རྒོལ་རྡུང་བཏང་སྟེ་ཀ་རྡ་ཕི་ཡི་མཚོ་དམག་གི་གྲུ་གཟིང་བརྒྱད་གཏོར་སྐྱོན་བཏང་བའི་སྐོར་མཐུན་ཕྱོགས་དམག་དཔུང་གིས་གསུང་ཡོད་པ་རེད། བྱང་ཨེཏ་ལེན་ཀྲིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་དང༌། མཐུན་ཕྱོགས་དམག་དཔུང་གིས་མཚན་གང་ལི་བི་ཡ་གཞུང་གི་དམག་དཔུང་ཁོ་ནའི་ཐོག་གཏོར་རྒོལ་བཏང་ཡོད་ཀྱང༌། ལི་བི་ཡའི་གཞུང་གི་མགྲིན་ཚབ་པས་རྒྱལ་ས་ཏྲི་པོ་ལི་ནང་གསར་འགོད་ལྷན་ཚོགས་ཐོག་ མཐུན་ཕྱོགས་རྒྱལ་ཁབ་ཚོས་ལི་བི་ཡའི་ནང་ཕྱི་རྒྱལ་གྱི་ཚོང་ཟོག་འོར་འདྲེན་བྱེད་མཁན་གྱི་གྲུ་གཟིང་ལ་ཉེན་ཁ་དང་འཇིགས་སྣང་བཟོ་གི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། ད་རེས་གྲུ་གཟིང་གཏོར་རྒོལ་བཏང་བ་དེ་ནི། བྱང་ཨེཏ་ལེན་ཀྲིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་ལི་བི་ཡའི་ནང་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གཏོང་རྒྱུར་ཉེན་ཁ་བཟོ་གི་ཡོད་པའི་གོ་བརྡ་གསལ་པོ་སྤྲད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།