བྱང་ཆིངས་དམག་དོན་སྒྲིག་འཛུགས་དང་ཨེ་ཤེ་ཡའི་མཐུན་གྲོགས་རྒྱལ་ཁབ་དག་ཨ་རིའི་འགོ་ཁྲིད་འོག་མཐུན་སྒྲིལ་དམ་ཟབ་ཏུ་འགྲོ་བཞིན་ཡོད་འདུག

ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་གྱིས་དམག་འཁྲུག་བྱུང་ནས་ལོ་གསུམ་འགྲོ་བཞིན་པའི་དུས་སྐབས་འདིར། (NATO)་ཞེས་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་དག་དང་འབྲེལ་བ་སྲ་བརྟན་གཏོང་ཐབས་བྱེད་བཞིན་ཡོད་ཅིང་། དེ་དག་བྱང་ཆིངས་དམག་དོན་སྒྲིག་འཛུགས་དེའི་ཁྱབ་ཁོངས་མིན་ནའང་། ར་ཤེ་ཡ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་དམ་ཟབ་སྒོས་ཡོ་རོབ་ཀྱི་འཁྲུག་རྩོད་ཐད་གདོང་ལེན་བྱེད་བཞིན་པའི་སྐབས་འདིར་། ཡུལ་གྲུ་དེ་དག་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་ཁ་གཏད་གཅོག་གི་ཡོད་པ་དང་། ལྷག་དོན་རྒྱ་ནག་ལ་ཁ་གཏད་གདོང་ལེན་ཆེད་བྱང་ཆིངས་དམག་དོན་སྒྲིག་འཛུགས་དང་ཨེ་ཤེ་ཡའི་མཐུན་གྲོགས་རྒྱལ་ཁབ་དག་ཨ་རིའི་འགོ་ཁྲིད་འོག་མཐུན་སྒྲིལ་དམ་ཟབ་ཏུ་འགྲོ་བཞིན་ཡོད་པ་(AP)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཨོསི་ཊརེ་ལི་ཡ་(Australia)་དང་། ནིའུ་ཛི་ལན་ཌི་(New Zealand) ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་དབུ་ཁྲིད་རྣམས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཚོགས་བཞིན་པའི་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐེངས་༧༥བའི་ཐོག་ཞུགས་ཡོད་པ་དང་། འདི་ནི་རྒྱལ་ཁབ་དེ་དག་བསྟུད་མར་མཉམ་ཞུགས་གནང་བ་ལོ་གསུམ་པ་དེ་ཡིན་ཞིང་། ཨོསི་ཊརེ་ལི་ཡའི་སྲིད་བློན་གཞོན་པ་ཚོགས་ཆེན་ཐོག་ཞུགས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཚོགས་ཆེན་འདིར་གཟབ་ནན་སྒོས་དོ་སྣང་བྱེད་བཞིན་པ་དང་། དམག་དོན་སྤྱི་ཆིངས་སྒྲིག་འཛུགས་དེའི་མཐུན་གྲོགས་ཀྱི་ཁྱབ་ཁོངས་ཡོ་རོབ་དང་ནུབ་ཕྱོགས་བཅས་ལས་བརྒལ་ཏེ་སྔར་ལས་རྒྱ་བསྐྱེད་འགྲོ་བཞིན་ཡོད་པར་སེམས་ཁྲལ་བྱ་གཞིར་གྱུར་ཡོད་སྐོར་གནས་ཚུལ་ནང་མུ་མཐུད་བཀོད་འདུག
རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅན་གྱིས། བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱལ་མཚམས་བརྒལ་བ་དང་། དབང་ཆ་རྒྱ་བསྐྱེད་གཏོང་བ། སྲུང་སྐྱོབ་ཀྱི་མངའ་ཁུལ་བརྒལ་བ། རྒོལ་རྡུང་ལ་ངན་སྐུལ་བྱེད་ཀྱིན་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས་འདུག
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སྤྱི་ལོ་༡༩༤༩ལོར་བཙུགས་པའི་བྱང་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལྟ་གྲུབ་གཙོ་དེ་བཞིན་ཆིངས་དོན་སྒྲིག་འཛུགས་དེའི་ནང་ཡོད་པའི་ཁོངས་མི་རྒྱལ་ཁབ་༣༢་ཡོད་པ་དེ་དག་སུ་རུང་ལ་ཕྱིའི་བཙན་རྒོལ་བྱས་ཚེ་དེ་ལ་ཁོངས་མི་རྒྱལ་ཁབ་གཞན་ཚང་མས་མཉམ་དུ་གདོང་ལེན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཁས་ལེན་དམ་བཅའ་བཞག་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཡུཀ་རེན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་ཐབས་བྱེད་མུས་ཡིན་པ་རེད།།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།