ཨོས་ཀྲེ་ལི་ཡའི་རྒྱལ་ས་ཀེན་བྷེ་རའི་ནང་རིག་གཞུང་སྣེ་མང་གི་དུས་སྟོན་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་འགྲེམས་སྟོན་གནང་འདུག
འདི་ལོའི་དུས་སྟོན་འདིའི་ནང་ཨོས་ཀྲེ་ལི་ཡའི་རྒྱལ་ས་ཀེན་བྷེ་རའི་བོད་རིགས་སྤྱི་མཐུན་ཚོགས་པ་མཉམ་བཞུགས་གནང་སྟབས་དུས་སྟོན་དེར་ཕེབས་པའི་ཨོས་ཀྲེ་ལི་ཡའི་ཡུལ་མི་སྟོང་ཕྲག་མང་པོར་བྲོ་བ་ཆེ་ལ་ཞིམ་པའི་བོད་ཟས་དང་བོད་ཀྱི་ཐུན་མོང་མ་ཡིན་རིག་གཞུང་ཁྲབ་སྟོན་གཟིགས་འབུལ་ཞུས་འདུག་ལ་ཡང་་ACT ཡི་སྤྱི་ཁྱབ་བློན་ཆེན་Andrew Barr མཆོག་གིས་ཀེན་བྷེ་རའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྲོམ་སར་ཆེད་ཕེབས་གནང་སྟེ་བོད་པའི་མོག་མོག་མཆོད་པ་དང་ས་གནས་བོད་མིའི་སྤྱི་ཚོགས་ཀྱིས་ཀེན་བྷེ་རའི་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པ་ཁག་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག
ཡང་དུས་སྟོན་འདིའི་ཐོག་རིག་གཞུང་སྣེ་མང་གི་རུ་སྒྲིག་བཏང་བའི་ནང་ས་གནས་བོད་མི་རྣམས་མཉམ་བཞུགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་དུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་མི་སྤྱི་དང་ལྷག་དོན་བོད་ཀྱི་སྐད་ཡིག་སློབ་གྲའི་དགེ་ལས་སློབ་ཕྲུག་རྣམས་ཀྱིས་གཡག་དང་བཀྲིས་ཞོལ་པའི་འཁྲབ་བསྟོན་གཟིགས་འབུལ་ཞུས་གནང་ཡོད་པར་་གཟིགས་མོ་རྣམས་གིས་ཧ་ཅང་དགའ་པོ་གནང་ཡོད་སྐོར་་་ཨོས་ཀྲེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་གནང་འདུག
ཨོས་ཀྲེ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་དུས་སྟོན་འདིའི་ནང་མཉམ་བཞུགས་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗག་རྩོམ་མཛད་པའི་ཕྱག་དེབ་ཁག་དང་བོད་སྐོར་གྱི་ཡིག་ཆ་ཁག་ཀྱང་འགྲེམས་སྤེལ་གནང་སྟབས་་ཡུལ་མི་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་དང་ཀེན་བྷེ་རའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐོར་ཡག་པོ་ཤེས་རྟོགས་བྱུང་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།