འབར་མའི་སྒྲ་སྐད་གསར་ལས་ཁང་གི་ལས་རིམ་འགའ་ཕྱིར་བསྡུ།
2011.02.14
༄༅༎འབར་མའི་ནང་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་གི་ཡོད་པའི་བབ་དང་བསྟུན་ནས་ནུབ་ཕྱོགས་ཀྱི་དཔལ་འབྱོར་རོགས་རམ་ཉུང་དུ་གཏོང་གི་ཡོད་པའི་ལེ་ཁག་འོག་ ཕྱི་ཕྱོགས་སུ་ཡོད་པའི་འབར་མའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དངུལ་གྱི་དཀའ་ངལ་འཕྲད་བཞིན་འདུག།
སྲིད་དབང་གཅིག་སྡུད་གཞུང་གིས་དམངས་གཙོའི་གསར་ལམ་ཐོག་དམ་བསྒྲགས་ཤུགས་ཆེ་ཡོད་སའི་ཡུལ་འབར་མ་ལྟ་བུའི་ནང་ཕྱི་ཕྱོགས་ནས་གསར་འགྱུར་ཡོང་ཁུངས་གཙོ་བོ་ཞིག་འབར་མའི་དམངས་གཙོའི་སྒྲ་སྐད་ཅེས་པ་དེ་ཡིན་པ་རེད། ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་ནང་རྟེན་གཞི་བྱས་པའི་གོང་ཞུས་གསར་ལས་ཁང་དེས་ད་ཕན་འབར་མའི་སྐད་ཀྱི་ཐོག་བརྙན་འཕྲིན་དང་རླུང་འཕྲིན་། དྲ་ལམ་གསར་འགྱུར་བཅས་རྒྱང་སྲིང་གནང་གི་ཡོད་པ་ལྟར། ཉེ་དུས་འབར་མའི་ནང་ལོ་༢༠རྗེས་རྒྱལ་ཡོངས་འོས་བསྡུ་བྱས་པའི་བདུན་འགའ་ཤས་རྗེས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་འབར་མའི་སྒྲ་སྐད་གསར་ལས་ཁང་གི་ལས་རིམ་འགའ་ཤས་མེད་པ་བཟོ་དགོས་བྱུང་གནང་འདུག།
འབར་མའི་སྒྲ་སྐད་གསར་ལས་ཁང་གི་དོ་དམ་པ་གཞོན་པ་ཁིན་མོང་ལྦིན་གྱིས་༢༠༡༡ལོར་གསར་ལས་ཁང་གི་འགྲོ་གྲོན་ཨ་སྒོར་ས་ཡ་གཅིག་ཙམ་ཉུང་དུ་བཏང་ཡོད་པའི་རྐྱེན་གྱིས་ནོར་ལྦེ་དང་ཐཡི་ལེནཌ། འབར་མ་བཅས་ནང་ལས་དོན་བྱེད་མཁན་གསར་འགོད་པ་༡༥༠ཙམ་ཡོད་པ་དེ་ཚོའི་ཁུངས་ནས་མང་པོ་ཞིག་ལས་མེད་ཆགས་རྒྱུ་ཡིན་སྐོར་གསུང་བཞག། ད་ག་ནང་བཞིན་ཐཡི་ལེནདྲ་ནང་རྟེན་གཞི་བྱས་པའི་འབར་མའི་གསར་འགྱུར་སྒྲིག་འཛུགས་ཨིར་ར་ལྦ་དྲིས་ཀྱང་ཟླ་རེའི་དུས་དེབ་པར་འགྲེམས་མཚམས་འཇོག་གིས་ད་ནས་བཟུང་དྲ་རྒྱའི་ཐོག་གསར་འགྱུར་སྤེལ་ཡག་རེད་འདུག།