འབར་མའི་དྲག་པོའི་འགོ་ཁྲིད་རྒྱ་གར་དུ་འཚམས་གཟིགས།
2010.07.26
༄༅༎འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་ཀྱིས་ངོ་རྒོལ་གནང་མིན་ལ་མ་ལྟོས་པར་འབར་མའི་ཡུལ་གྱི་དྲག་པོའི་འགོ་འཁྲིད་དམག་སྤྱི་ཐན་ཤ་ལྦེ་ཡིས་རྒྱ་གར་ནང་ཡོད་པའི་ནང་པ་སངས་རྒྱས་པའི་གནས་ཆེ་ཤོས་དེར་གནས་གཟིགས་གནང་ཡོད་པ་རེད་
ཁོང་གིས་རེས་གཟའ་ཟླ་བ་ཉིན་བཟའ་ཟླའི་ལྷན་དུ་གནས་མཆོག་རྡོ་རྗེ་ལྡན་གྱི་དགོན་པར་གནས་གཟིགས་གནང་ཡོད་པ་རེད་
ཁོང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕེབས་སྐབས་རྒྱ་གར་གཞུང་ཕྱོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་གནང་འཆར་དེར་ ཁོང་གིས་འབར་མའི་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་ཀྱིས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་སྟོན་ཡོད་པ་རེད་
རེས་གཟའ་ཟླ་བ་ཉིན་ཁོང་ལ་ངོ་རྒོལ་གནང་མཁན་མི་གྲངས་༡༠༠སྐོར་ཞིག་གིས་རྒྱལ་ས་ལྡི་ལིའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཁོང་ཉེས་མེད་མི་སེར་དམར་གསོད་གཏོང་མཁན་དང་མི་གཅིག་སྒེར་སྡེམ་དབང་འཛིན་པའི་དྲག་པོའི་འགོ་འཁྲིད་ཅིག་ཡིན་སྐོར་སྐད་འབོད་དང་འབྲེལ་ཁོ་པའི་འདྲ་དཔར་ཞིག་མེར་བསྲེག་བཏང་ཡོད་པ་རེད་
རྒྱ་གར་གྱི་ཡུལ་དེ་ཕྱི་ལོ་༡༩༩༠ལོ་རབས་དཀྱིལ་བར་འབར་མའི་ཡུལ་གྱི་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་ལ་རྒྱབ་བསྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཡང་དེ་རྗེས་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས་ལས་རྒྱ་གར་གྱི་ཡུལ་གྱི་སྲུང་སྐྱོབ་དང་ནུས་ཤུགས་མཁོ་འདོན་དང་དྲག་པོའི་ཐབས་བྱུས་ཀྱི་གནད་དོན་དེ་དག་གལ་ཆེ་བར་ངོས་འཛིན་གནང་ཡོད་པ་རེད་
དེ་བཞིན་རྒྱུ་མཚན་གཞན་ནི་རྒྱ་གར་གྱི་བྱང་ཤར་མངའ་ཁུལ་ནང་རྒྱ་གར་གྱི་མངའ་ཁོངས་ནས་ལོགས་སུ་འདོན་མཁན་གི་ཤོག་ཁག་མང་དག་ཅིག་ཡོད་པ་དེ་དག་གནོན་ཆེད་འབར་མའི་ཡུལ་ནས་རོགས་རམ་སོན་ཆེད་དང་ཡུལ་དེ་ནས་རྡོ་སྣུམ་དང་སོལ་རླངས་མཁོ་འདོན་མ་ཟད་ཨེ་ཤི་ཡའི་མངའ་ཁུལ་ནང་དྲག་པོའི་ཐབས་བྱུས་ཐོག་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་ཡང་ཡིན་པ་རེད་
འབར་མའི་དྲག་པོའི་འགོ་འཁྲིད་དམག་སྤྱི་ཐན་ཤ་ལྦེ་ཡི་ད་ཐེངས་ཀྱི་རྒྱ་གར་ནང་གི་རྒྱལ་དོན་འཚམས་གཟིགས་དེར་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་མཐུན་སྒྲིལ་ཚོགས་པ་ཞེས་ཚོགས་པ་གྲངས་༡༦༤ཡིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་ད་ཐེངས་ཀྱི་འབར་མའི་དྲག་པོིའི་དམག་སྤྱི་ཡི་རྒྱལ་དོན་འཚམས་གཟིགས་དེར་བློ་འཚབ་ཆེན་པོ་ཡོད་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་རེད་