ཨ་རིའི་སྤྱི་ཁྱབ་དམག་སྤྱི་རྒྱ་ནག་ཏུ་འཚམས་གཟིགས།
2011.07.26
༄༅༎ཨ་མི་རི་ཀའི་སྤྱི་ཁྱབ་དམག་སྤྱི་མའེཀ་མུ་ལེན་ཉེ་ཆར་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཤིང་ གཟའ་མིག་དམར་ཉིན་ཁོང་གིས་ ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་ནིའུ་ཡོག་དུས་བབ་ཀྱི་ནང་བསམ་ཚུལ་ཞིག་བཀོད་སྤེལ་གནང་ཡོད་པ་དེའི་ནང་ ཨ་མི་རི་ཀ་དང་རྒྱ་ནག་དབར་དམག་དོན་བརྗེ་ལེན་གྱི་ལས་འགུལ་རྒྱ་སྐྱེད་གཏོང་དགོས་ལུགས་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་སྤྱི་ཁྱབ་དམག་སྤྱི་མུ་ལེན་གྱིས་ང་དང་རྒྱ་ནག་གི་དམག་སྤྱི་གྲན་དབར་ ཡུལ་གྲུ་གཉིས་ཀྱི་དམག་དོན་སྒྲིག་འཛུགས་ཕན་ཚུན་ཐུག་འཕྲད་གྲོས་མོལ་དང་ བཟུང་འབྲེལ་དམག་སྦྱོང་མང་ཙམ་དགོས་རྒྱུར་མོས་མཐུན་ཞེས་དང་ ངོས་གཉིས་པོས་ ཡུལ་གྲུ་གཉིས་ཀའི་དམག་དོན་སྒྲིག་འཛུགས་ཀྱི་གཞོན་སྐྱེས་འགོ་འཁྲིད་ཚོར་ཕྱོགས་ཕན་ཚུན་གྱི་འབྲེལ་ལམ་གཟབ་དུ་གཏོང་རྒྱུའི་མངོན་འདོད་ཡོད་པ་མོས་མཐུན་ཡོད་པར་ཙམ་ཟད་ མ་འོངས་པར་ཨ་མི་རི་ཀ་དང་རྒྱ་ནག་དབར་ཕན་ཚུན་ཡིད་ཆེས་ལྡན་པའི་འབྲེལ་བ་གཏིང་གཟབ་ཅིག་ཡོང་མིན་དེ་གཞོན་སྐྱེས་འགོ་འཁྲིད་ཚོའི་ཕྲག་ཐོག་ཏུ་བབས་ཡོད་པར་ཡང་མོས་མཐུན་ཡོད་པ་འགྲེལ་བརྗོད་གནང་འདུག།
ད་དུང་ཨ་མི་རི་ཀའི་སྤྱི་ཁྱབ་དམག་སྤྱི་ མུ་ལེན་གྱིས་ ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་དེ་ཕན་ཚུན་དྭོགས་པའི་རང་བཞིན་ཞིག་མིན་པར་ མི་མཐུན་པའི་གནད་དོན་ཁག་ཐད་ཀར་དང་འཛེམས་ཟོན་མེད་པའི་ཐོག་ནས་ཤོད་ཐུབ་པའི་འབྲེལ་ལམ་ཞིག་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་གསུངས་པ་དང་ ལྷག་པར་དུ་ཁོང་གིས་ གྲོས་མོལ་ནི་དོགས་པ་རྣམ་རྟོག་སེལ་བའི་ཆ་རྐྱེན་ནུས་པ་ཆེ་ཤོས་དེ་ཡིན་སྟབས་ ཕན་ཚུན་གྲོས་མོལ་མང་ཙམ་གནང་དགོས་པའི་བསྐུལ་མ་གནང་པ་དང་ཆབས་གཅིག་ སྐུ་ཞབས་ མུ་ལེན་གྱིས་ སྐབས་རེ་རྒྱ་ནག་གཞུང་གིས་ ང་ཚོས་བྱེད་པའི་ལས་དོན་འགའ་ཞིག་ལ་མི་དགའ་བ་བྱུང་མ་ཐག་ ཕྱོགས་གཉིས་ཀྱི་འབྲེལ་ལམ་གཅོད་པའི་བྱེད་སྟངས་ཞིག་ཡོད་ཅིང་ བྱེད་སྟངས་དེ་མུ་འཐུད་ཐབས་མེད་ལ་ དཔེ་མཚོན་བཟང་པོ་ཞིག་ཀྱང་ཆགས་ཐུབ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག།