དམུ་དགེ་དགོན་པའི་གླིང་ལ་ཉེན་རྟོག་པ་སྡོད་ས་འཛུགས་འཆར།
2012.10.31
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། ཉེ་བའི་ཟླ་ཤས་གོང་བོད་ཨ་མདོ་རྔ་བ་ཟུངས་ཆུ་ཕྱོགས་ཀྱི་དམུ་དགེ་དགོན་པའི་གླིང་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ཁང་བ་གསར་རྒྱག་བྱེད་རྩིས་བྱས་བར་དགོན་པའི་དོ་དམ་པ་དང་རྒན་རབས་པ་ཚོས་འདོད་པ་མེད་པའི་རྣམ་འགྱུར་དང་། རྒྱུ་མཚན་མང་པོ་བཤད་མཐར་བཀག་འགོག་བྱེད་ཐུབ་ཙམ་བྱུང་ཡོད་ཀྱང་། ད་ལྟའི་ཆར་དམུ་དགེ་དགོན་པ་དང་རྒྱང་ཐག་སྤྱི་ལེ་ཕྱེད་ཀ་ཙམ་གྱི་སར་ས་ཞིང་ཉོས་ནས་དེར་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ལས་ཁུངས་གསར་རྒྱག་བྱེད་པའི་མཆར་གཞི་འཐེན་བཞིན་པར་དགོན་པའི་དགེ་འདུན་པ་ཚོར་འདོད་པ་མེད་པ་དང་། བློ་འཚབ་འཕར་མ་ཡོང་བཞིན་པ་རེད།
གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ལས་ཁུངས་གསར་རྒྱག་བྱས་རྗེས་དེར་ཉེན་རྟོག་པ་མི་གྲངས་༢༠ཙམ་རྒྱུན་སྡོད་བྱས་ནས་དགོན་པའི་དགེ་འདུན་པ་གཙོས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བལྟ་རྟོགས་ནན་མོ་བྱེད་ཆེད་ཡིན་པ་བོད་མི་ཚོས་བློ་འཚབ་འཕར་མ་བྱེད་བཞིན་པ་རེད།
རྒྱ་ནག་གཞུང་གིས་དེ་ལ་ལས་དོན་རུ་ཁག་ཞེས་མིང་བཏགས་ནས་ཆེད་དུ་བོད་མི་ཚོར་ཁྲིམས་ལུགས་སློབ་གསོ་སྤྲོད་པ་དང་། བལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་རེད།
གོང་གི་དམུ་དགེ་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དང་། དེ་སྔོན་རྗེ་བློ་བཟང་གྲགས་པའི་དངོས་སློབ་མཁན་ཆེན་ངག་དབང་གྲགས་པ་ཚང་གིས་ཕྱག་བཏབ་པ་ད་བར་མི་ལོ་༦༠༠ལྷ་གི་ལོ་རྒྱུས་ཡོད་པ་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་ལ་དེང་སང་དགེ་འདུན་པ་གྲངས་༣༢༠ལྷག་ཡོད་པ་རེད་འདུག