བླ་བྲང་བསང་ཆུ་རྫོང་མར་ཐང་གྲོང་སྡེའི་ནང་འདམ་རུད་དང་ཆུ་ལོག་གིས་མི་རྒྱུ་གཉིས་ལ་གནོད་འཚེ་བྱུང་ཡོད་འདུག
ཕྱི་ཟླ་༧ཚེས་༡༠་ཉིན་གྱི་མཚན་དཀྱིལ་ཆུ་ཚོད་༡༡་དང་ཕྱེད་ཀ་ཙམ་གྱི་སྟེང་། བོད་ནང་གི་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཧོར་གཙང་མར་ཐང་གྲོང་སྡེའི་ནང་། ཆར་ཞོད་ཤུགས་ཆེར་བབ་རྐྱེན་ཆུ་ལོག་དང་འདམ་རུད་ཀྱིས་གྲོང་སྡེའི་སྡོད་ཁང་མང་པོར་གཏོར་བཤིག་བཏང་ཡོད་པ་དང་། ད་ལྟའི་ཆར་སྲིད་གཞུང་གི་རོགས་སྐྱོར་མི་སྣ་ས་གནས་སུ་འབྱོར་ཡོད་ན་ཡང་། མི་གྲངས་༦་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ལས། གཞན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཞར་ཆོད་ད་དུང་མཚམས་བཞག་མེད་པས་ས་གནས་སུ་མུ་མཐུད་དོན་རྐྱེན་འབྱུང་རྒྱུའི་ཉེན་ཁ་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་འབྲེལ་CCTVརྒྱ་ཡིག་གསར་འགྱུར་ནང་གཏོང་བཞིན་པའི་དེ་འབྲེལ་གནས་ཚུལ་ནང་། མར་ཐང་གྲོང་སྡེའི་ནང་ཆུ་རུད་རྐྱེན་གྱིས་ཕྱི་ཚེས་༡༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་ཙམ་ལ་མི་གྲངས་གཉིས་རྐྱེན་འདས་ཀྱི་དོན་རྐྱེན་དང་། མི་གཉིས་གར་སོང་ཆ་མེད་དང་མི་གྲངས་༧་ལ་རྨས་སྐྱོན་བཟོས་ཡོད་སྐོར་བཀོད་འདུག་ལ།འབྲེལ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་ཡུལ་མིའི་སྡོད་ཁང་མང་པོ་ཞིག་འདམས་རུད་ཀྱིས་ཁེངས་ཏེ་བརྡིབ་སྐྱོན་ཤོར་བཞིན་པ་དང། རྒྱུ་ནོར་ལ་གནོད་སྐྱོན་ཤུགས་ཆེར་བྱུང་ཡོད་ཀྱང་ད་ལྟའི་ཆར་མི་སྣ་ག་ཚོད་ཅིག་འདས་གྲོངས་དང་བོར་བརླགས་ཕྱིན་ཡོད་ཚོད་རྩིས་བྱེད་མི་ཐུབ་སྐོར་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་འདམ་རུད་དང་ཆུ་ལོག་གིས་གནོད་འཚེ་བྱུང་ཡུལ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་པ་དང་། མར་ཐང་གྲོང་སྡེ་ནི་བོད་རིགས་རྐྱང་འདས་སྡོད་ཀྱི་ས་ཁུལ་ཞིག་ཡིན་འདུག་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་ཐེངས་འདིར་གནོད་འཚེ་བྱུང་ཡུལ་དུ་དུད་ཚད་༧༦གི་མི་གྲངས་༣༣༦ཚང་མ་བདེ་འཇགས་ས་གནས་སུ་གནས་སྤོར་ཡོད་སྐོར་བརྗོད་འདུག་ལ། འབྲེལ་ཡོད་ནས་དེ་འབྲེལ་འདམ་རུད་བྱུང་བཞིན་པའི་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། འདམ་རུད་དང་ཆུ་རྙོག་གིས་ཁེངས་ཏེ་བོད་ཁང་མང་པོ་ཞིག་ནུབ་བཞིན་པ་སོགས་མཐོང་རྒྱུ་འདུག
ལོ་ལྟར་བོད་ནང་ཁོར་ཡུག་གཏོར་སྐྱོན་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་ཀྱི་ས་ཁུལ་མང་དག་ཅིག་ནང་།དབྱར་ཁ་དང་བསྟུན་ཆར་ཞོད་དང་ཆུ་ལོག་གིས་གནོད་འཚེ་བྱུང་གི་ཡོད་པ་རེད་ལ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༨ནང་བླ་བྲང་བསང་ཆུ་རྫོང་དང་རེབ་གོང་ཕྱོགས་སུ་ཆུ་ལོག་རྒྱུག་ནས། བསང་ཆུ་རྫོང་གི་རྒྱོའུ་རྒྱ་གྲོང་ཚོ་གཙོས་གྲོང་ཚོ་བདུན་དང་ཡུལ་ཚོ་ཁ་ཤས་ལ་གནོད་འཚེ་ཕོག་པ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་༨ཚེས་༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་དུ་སེར་ཆར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ། མང་ར་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བ་ཞེས་པའི་འབྲོག་སྡེ་གཉིས་སུ་ཆུ་ལོག་རྒྱུགས་ནས། མི་གྲངས་༥་དང་ཕྱུགས་ཟོག་སེམས་ཅན་གྲངས་༢༠༠༠ལྷགལ་ཤི་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།