རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

2025.03.31
རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག རྒྱ་གར་གྲོས་ཚོགས། ཟླ་ཚེས་མི་གསལ།
AP

ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་གྲོས་ཚོགས་མཐུས་མི་༤༦ཡིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་དབང་། རིག་གཞུང།  སྐད་ཡིག  བོད་མིའི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་ཐུན་མོང་གི་བསྒྲགས་གཏམ་ཞིག་ལ་མཚན་རྟགས་བསྐྱོན་ཏེ་བོད་དོན་ལ་རྒྱབ་སྐྱོར་གནང་འདུག

ཐེངས་འདིར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེ་བཞིན། ཟླ་ ༣ ཚེས་ ༡༧ ནས་ ༢༨ ཉིན་གྲངས་བཅུའི་རིང་བོད་དོན་ཞུ་གཏུག་མཐུན་ཚོགས་ཏེ། བོད་ཀྱི་ཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་དོན་འབྲེལ་མཐུད་ལས་ཁང་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་རྒྱ་གར་གི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་གུལ་ཞིག་སྤེལ་ཡོད་པ་དེའི་གྲུབ་འབྲས་ཤིག་ཡིན་ཞེས། བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་བློ་བཟང་དབྱངས་མཚོ་ལགས་ཀྱིས་གསུངས་འདུག

རྒྱ་གར་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་འཁོད་ལྟར་ན། "ང་ཚོས་རྒྱ་ནག་གཞུང་ལ་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་རང་དབང་སྲུང་སྐྱོབ་ཐད་ང་ཚོ་ཁོང་ཚོའི་མཉམ་དུ་ཡོད་པའི་བརྡ་ལན་སྤྲད་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་རྒྱུད་ནང་བསྟན་ཐད་ཀྱི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་དང་ཐེ་བྱུས་ལ་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན་" ཞེས་བཀོད་ཡོད་པ་རེད།

གནད་དོན་དེ་འབྲེལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ཟླ་ ༣ ཚེས་ ༡༧ ནས་ ༢༨ ཉིན་གྲངས་བཅུའི་རིང་བོད་དོན་ཞུ་གཏུག་མཐུན་ཚོགས་ངོས་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་ཐེངས་གཉིས་པ་གནང་སྐབས་སུ། གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་གཅིག་ཐོག་རྒྱབ་སྐྱོར་དགོས་གལ་ཆེ་བའི་སྐོར་རེ་སྐུལ་ཞུས་པར། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་ (Sujeet Kumar) གཙོས་པའི་རྡོ་རྗེ་གླིང་གི་གྲོས་ཚོགས་འཐུས་མི་ (Raju Bista) དང་ཨོ་ཌི་ཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་ (Sasmit Patra) བཅས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ཐོག་འགན་རྐང་བཞེས་ཏེ། ཐེངས་འདིར་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་ཐུབ་པ་བྱུང་ཡོད་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་བོད་ཀྱི་གཞོན་ལྷན་དྲུང་ཆེས་གསུངས་པ་ལྟར་ན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་དུས་སྐབས་འདིར། རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པ་ནི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པས། ཐེངས་འདིར་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ཚད་མཐོའི་རྒྱབ་སྐྱོར་གནང་བ་དེ་བཞིན་གནད་འགག་ཅན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐུན་མོང་གི་བསྒྲགས་གཏམ་དང་ལྷན་གྲོས་ཚོགས་འཐུས་མི་ཁག་གཅིག་གིས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཐད་ཀྱི་སྐུ་དབང་སོགས་དང་འབྲེལ་བའི་སྒེར་གྱི་བསམ་ཚུལ་ཁག་གཅིག་ཀྱང་བཀོད་འདུག་པ་དེའི་ནང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་ (Sujeet Kumar) ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བཞིན་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་ཐོག་ནས་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་ཀྱང་། རྒྱ་ནག་དམར་ཤོག་གིས་དེར་ཐེ་བྱུས་བརྒྱུད། ཉམ་ཆུང་བོད་མི་རྣམས་ཀྱི་ཐོག་དྲག་པོའི་སྲིད་བྱུས་མུ་མཐུད་རྒྱུན་གནས་ཐུབ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་མགོན་པོ་མཆོག་གིས་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་ཕྱག་དེབ་ཏུ། སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་གི་ཕྱི་ཕྱོགས་དང་རང་དབང་ཅན་གྱི་རྒྱལ་ཁབ་ཏུ་འཁྲུངས་རྒྱུ་ཡིན་ཞེས་འཁོད་པ་ནི་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་ཅེས་འགྲེལ་བརྗོད་དང་སྦྲགས། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ལ་ཐབས་ལམ་གང་ཐུབ་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་རྒོལ་ལེན་ཐུབ་ཐབས་བྱ་དགོས་ཤིང་། ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་ལ། རྡོ་རྗེ་གླིང་གྲོས་ཚོགས་འཐུས་མི་ (RAJU BISTA) ཡིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་སོགས་ཀྱི་མཛད་པས་འགྲོ་བ་མི་སྤྱི་ཡོངས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡང་མགོན་པོ་མཆོག་དང་མགོན་པོ་མཆོག་གིས་བསྐོ་གཞག་གནང་བ་རྣམས་ལ་ཡོད་པས། བོད་མི་རྣམས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐད་ང་དང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་བརྟན་པོ་ཡོད་ཅེས་གསུངས་འདུག ཨོ་ཌི་སའི་མངའ་སྡེའི་གྲོས་ཚོགས་འཐུས་མི་འབུམ་རམ་པ་ (Sasmit Patra) ཡིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ནི་མགོན་པོ་མཆོག་སྐུ་སྒེར་དང་བོད་མི། དེ་བཞིན་ཁོང་ལ་དད་གུས་གནང་མཁན་རྣམས་ཀྱི་ཐོབ་ཐང་ཡིན་པ་ལས། བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་དེར་ཕྱི་ཕྱོགས་ནས་ཐེ་བྱུས་བྱ་རྒྱུའི་དབང་ཆ་སུ་ལའང་མེད་པ་དངོས་ཡོད་ཡིན་ཞེས་གསུངས་འདུག

ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེར་རྒྱ་གར་གྱི་གྲོས་ཚོགས་མཐུས་མི་ ༤༦ ཙམ་གྱི་མཚན་རྟགས་བཀོད་ཡོད་པ་ནི་འབྲས་བུ་བཟང་པོ་ཞིག་ལ་ངོས་འཛིན་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོབ་ཐང་ཐད་རྒྱ་གར་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བརྡ་ལན་ཙམ་དུ་མ་ཟད། རྒྱ་གར་གྲོས་ཚོགས་དང་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཤུགས་ཆེ་རུ་འགྲོ་བཞིན་པ་རྣམ་པ་མཚོན་གྱི་ཡོད་པས། རྒྱབ་སྐྱོར་དེ་བཞིན་མུ་མཐུད་གནས་དགོས་པ་གལ་ཆེན་རེད་ཅེས་རྒྱལ་སྤྱིའི་འབྲེལ་མཐུད་ལས་ཁང་གིས་བཀོད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎