ལོག་སྤེལ་མཚམས་འཇོག་དང་འབོད་སྒྲར་ཉན་འཇོག་དགོས།
2013.12.20

རྒྱ་ནག་གིས་དྲིལ་བསྒྲགས་ལོག་སྤེལ་མཚམས་འཇོག་དང་འབོད་སྒྲར་ཉན་འཇོག་དགོས་ཞེས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་འདུག
དེ་ཡང་མདོ་སྨད་ཀན་ལྷོ་ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་སྲེག་གནང་བ་དང་འབྲེལ་ཚེས་༢༠ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཤིག་སྤེལ་གནང་ཡོད་པ་དང་། དེའི་ནང་ད་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་། གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་ད་བར་བོད་མི་༡༢༤ཙམ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་རུང་། རྒྱ་ནག་གཞུང་གིས་ད་དུང་ཡང་བོད་མིའི་མངོན་འདོད་ལ་བསམ་ཞིབ་དང་། བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་དེའི་རིགས་བསྒྱུར་བཅོས་གཏོང་རྒྱུའི་ཚབ་ཏུ། རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་དང་། ཉེ་འབྲེལ་གྲོང་མི་ཁྱིམ་མཚེས་སོགས་ལ་ཉེས་འཛུགས་སྣ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་གཏོང་གི་ཡོད། དམིགས་བསལ་དགེ་འདུན་པ་ཚོས་བོད་ཀྱི་རིག་གནས་དང་། ཁོར་ཡུག་སོགས་ལ་ཕན་པའི་ལས་དོན་བྱས་ན། རྒྱ་ནག་གཞུང་གིས་དེ་མ་ཐག་བཙོན་འཇུག་གིས་ཚེ་སྲོག་གཅོད་པའི་ངན་ཇུས་བཤམས་ཀྱི་ཡོད་ཅེས་དང་། ད་དུང་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་སྲེག་གི་གནད་དོན་དེ་དག་ཡོངས་རྫོགས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འབྲེལ་བ་ཡོད་ཚུལ་འགེལ་ཐབས་བྱས་དང་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་བསྐྱོད་ཀྱིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་ལྡན་ཚུལ། རང་ལུས་མེར་སྲེག་གི་གནས་ཚུལ་མེད་ལུགས་སོགས་དོན་དངོས་སྦས་འགེབ་དང་། འགན་འཁུར་མེད་པའི་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་། གཡས་ཁག་གཡོན་དཀྲི་མེད་པར་བོད་མིའི་རང་དབང་དང་། མངོན་འདོད་ཀྱི་འབོད་སྒྲ་ཉན་འཇོག་དང་། རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་སྤུན་མཆེད་ཚོར་ནག་མེད་ཉེས་འགེལ་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་ནན་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
གསར་འགོད་པ་འཆི་མེད།