འདས་པའི་ལོ་ ༢༠ རིང་བོད་མི་དང་རྒྱ་གར་ཡུལ་མི་ ༡༡༨༧ ལ་རིན་མེད་ཀྱིས་མིག་གི་སྨན་བཅོས་ཟིན་པ་མུ་མཐུད་དུ་རྒྱུན་བསྐྱང་གི་ཡོད་པ།

བཞུགས་སྒར་དུ་བདེ་ལེགས་སྨན་ཁང་གིས་གོ་སྒྲིག་གནང་སྟེ་འདས་པའི་ལོ་ཉི་ཤུའི་རིང་ཉི་ཧོང་གི་ཨཱོ་ཀ་མིག་ཆེད་ལས་སྨན་པའི་མཐུན་ཚོགས་ནས་རིན་མེད་ཀྱིས་ལིང་ཏོག་གཤག་བཅོས་དང་། མིག་ལ་སྨན་བཅོས་སོགས་རྒྱ་གར་ཡུལ་མི་དང་བོད་མི་གཉིས་ཀར་ཁྱད་མེད་དུ་གནང་བཞིན་པ་དེ། བར་ལམ་སྤྱི་ལོ་ ༢༠༡༩ ནས་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་མཚམས་འཇོག་གནང་ཡོད་ནའང་། འདི་ལོ་ནས་ལས་དོན་བསྐྱར་མཐུད་ཀྱིས་སྤྱི་ཟླ་ ༡༢ པའི་ཚེས་ ༢༥ ནས་ ༢༧ བར། བཞུགས་སྒར་བདེ་ལེགས་སྨན་ཁང་དུ་ཉི་ཧོང་ནས་མིག་གི་སྨན་པ་བཞི་དང་སྨན་ཞབས་པ་གསུམ་ཆེད་ཕེབས་ཀྱིས། ད་ལམ་རྒྱ་གར་བ་དང་བོད་མི་ ༣༩༢ ལ་བརྟག་དཔྱད་བརྒྱུད་ཁྱོན་མི་དྲུག་ཅུ་ཐམ་པའི་མིག་གཤག་བཅོས་གནང་གི་ཡོད་པ་དང་། འདས་པའི་ལོ་ ༢༠ རིང་བོད་མི་དང་རྒྱ་གར་བ་ ༡༡༨༧ ལ་མིག་སྨན་བཅོས་གནང་ཡོད་པའི་སྐོར་སོགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བཞུགས་སྒར་རྡ་རམ་ས་ལའི་ཉེ་མཁྲིས་ཀྱི་ཀང་ར་རྫོང་གི་མིག་སྨན་ཁང་དུ་མིག་ལ་གཤག་བཅོས་བྱས་ན། རྒྱ་གར་གྱི་ཧིན་སྒོར་སུམ་ཁྲི་ལྔ་སྟོང་དང་པ་ལམ་པུར་གྱི་ཁེ་མེད་སྨན་ཁང་དུ་གཤག་བཅོས་གནང་ན་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་གནས་ཀྱི་ཡོད་པས། བདེ་ལེགས་སྨན་ཁང་གིས་མིག་ནད་པ་ཚོའི་ཁྲག་ཤེད་དང་གཅིན་པར་བརྟག་དཔྱད། མིག་བརྟག་དཔྱད་འཕྲུལ་ཆས་གཡར་གླ་སོགས་འགྲོ་སོང་ཡོངས་རྫོགས་བཏང་སྟེ་མིག་ནད་པ་རྣམས་ལ་རིན་མེད་གནང་གི་ཡོད་པ་མ་ཟད། མིག་ནང་དུ་བཅུག་རྒྱུའི་ཆེ་ཤེལ་ཀྱང་ཉི་ཧོང་ནས་ཡིན་སྟབས་རྒྱུ་སྤུས་བཟང་པོ་དང་། ཉི་ཧོང་གི་སྨན་པ་ཚོས་ཡེ་ཤུའི་འཁྲུངས་སྐར་གྱི་གུང་སེང་སྟབས་བསྟུན་ལྗགས་རང་ཁུར་གྱིས་ཕེབས་པ་དང་། གཤག་བཅོས་ལ་བྱང་ཆ་ཧ་ཅང་ཆེན་པོ་ལྡན་པ་སོགས་ཀྱིས་ནད་པ་ལ་ཕན་ཐོགས་དགའ་ཚོར་ཆེན་པོ་བྱུང་བ། མིག་གཤག་བཅོས་ཟིན་པ་དགྲ་འདུལ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་གི་མིག་སྨན་པ་མེ་ཙོའུ་ལགས་ནས་བོད་མི་དང་རྒྱ་གར་བ་མིག་ནད་པ་མང་པོར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པར་བརྟེན། ང་ཚོས་ཁོང་ཚོ་ལ་རྒྱབ་སྐྱོར་དང་ང་རང་ཚོའང་ཉི་ཧོང་ནང་མིག་གི་གཤག་བཅོས་ཆེད་ལས་པ་ཡིན་པས། ཐབས་ཤེས་གང་དྲག་བྱེད་ཡོད་ནའང་། སྟབས་མ་ལེགས་པ་ལ་ཉི་ཧོང་དང་འདི་གའི་གནས་སྟངས་རྦད་དེ་མི་འདྲ་བ་ཡིན་པའི་རྐྱེན་གྱིས་དཀའ་ངལ་གང་འཚམས་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་དོན། ང་ཚོས་བེད་སྤྱོད་ཀྱི་ཆེ་ཤེལ་དང་སྨན་བཅོས་འཕྲུལ་ཆས་ཀྱི་རིགས་སོགས་རྦད་དེ་མི་འདྲ་བ་ཡིན་པའི་ཁར། ཁོར་ཡུག་གནས་སྟངས་དང་སྐད་བརྡ་མི་འཕྲོད་པའི་འབྲེལ་མཐུད་ཀྱི་དཀའ་ངལ་བཅས་ཡོད་མོད། བདེ་ལེགས་སྨན་ཁང་གི་གོ་སྒྲིག་མཐུན་རོགས་ལ་བརྟེན་ནས་ང་ཚོའི་ལས་དོན་ལ་གྲུབ་འབྲས་སྨིན་བཞིན་པར་ཡི་རང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། རྒྱལ་སྤྱིའི་རོ་ཊི་རེ་ Rotary སྤྱི་ཚོགས་ཞབས་ཞུ་ཚོགས་པ་རྡ་རམ་ས་ལའི་ཡན་ལག་ཚོགས་པ་དང་བདེ་ལེགས་སྨན་ཁང་མཉམ་རུབ་ཀྱིས། རྒྱ་གར་ཡུལ་མི་ཚོར་ཀྱང་ཁྱབ་བསྒྲགས་གནང་སྟེ་མཉམ་ཞུགས་ཡག་པོ་གནང་ཐུབ་ཡོད་པར་བརྟེན། ཁོང་ཚོ་དང་མཉམ་ལས་གནང་བཞིན་པ་རྒྱ་གར་སྨན་པ་རཱ་མན་པུ་རི་ལགས་ནས་འགྲེལ་བརྗོད་གནང་དོན། ཉི་ཧོང་གི་སྨན་པ་ཚོའི་ལག་རྩལ་ནི་ཁོ་རང་ལ་མཚོན་ན་གསར་པ་ཡིན་པས་བློ་སྐྱེད་ཆེན་པོ་ཐོབ་པ་དང་། འདི་གར་གློག་དང་འཕྲུལ་ཆས་ཀྱི་ཅ་ལག་སོགས་མཐུན་རྐྱེན་གྱི་ཐོག་ནས་དཀའ་ངལ་གང་འཚམ་ཡོང་གི་ཡོད་སྟབས། ལོ་རྗེས་མ་ནས་ཡར་ཐོན་ལག་རྩལ་གྱི་ལམ་ནས་གཤག་བཅོས་གནང་ན་ཕན་ཁྱད་ཡག་པོར་མཐོང་སྟེ། ཉིན་ཤས་ཀྱི་རིང་ལྡི་ལི་ནས་འཕྲུལ་ཆས་ཚད་ལྡན་གླས་ཏེ་སྨན་བཅོས་བྱས་ན་མི་མང་པོར་ཕན་ཐོགས་ཧ་ལས་པ་འབྱུང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་དོན་གཅོད་བརྒྱུད་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཧེ་མོ་རོའེ་དང་བདེ་ལེགས་སྨན་ཁང་འབྲེལ་ལམ་ངོ་སྤྲོད་ཀྱིས། ཉི་ཧོང་ནང་གི་ཨཱོ་ཀ་མིག་སྨན་བཅོས་ཀྱི་ཚོགས་པ་དང་བདེ་ལེགས་སྨན་ཁང་མཉམ་རུབ་གནང་སྟེ། སྤྱི་ལོ་ཉིས་སྟོང་ལོ་ནས་བཟུང་རྒྱ་གར་ནང་བཙན་བྱོལ་བོད་མི་དང་རྒྱ་གར་ཡུལ་མི་ཚོར་རིན་མེད་ཀྱིས་མིག་གི་སྨན་བཅོས་དབུ་འཛུགས་ཞུས་པ་ཞིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།