ལོ་སྔོན་མར་བོད་མི་དགུ་བཅུ་ལྷག་སྐྱབས་བཅོལ་དུ་འབྱོར་འདུག
2017.01.31
འདས་པའི་ལོ་གཅིག་གི་རིང་ལ་བོད་མི་དགུ་བཅུ་ལྷག་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཡོད་འདུག
རྒྱ་ནག་གཞུང་གིས་བོད་མི་སྐྱབས་བཅོལ་དུ་འགྲོ་མཁན་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་ནའང་། བོད་ནས་མུ་མཐུད་དུ་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་གྱིན་ཡོད་པ་ལྟར། འདས་ལོ་༢༠༡༦་གི་ནང་དུའང་བོད་མདོ་དབུས་ཁམས་གསུམ་ནས་བོད་མི་དགུ་བཅུ་ལྷག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཐུབ་ཡོད་འདུག
གནས་ཚུལ་དེའི་སྐོར་ནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྣེ་ལེན་ཁང་གི་འབྲེལ་མཐུད་འགན་འཛིན་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། འབྲེལ་ཡོད་ཐོ་གཞུང་དུ་བལྟས་པ་ཡིན་ན། ལོ་སྔོན་མའི་ནང་དུ་བོད་མི་དགུ་བཅུ་ལྷག་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཡོད་ལ། དེ་ནི་ལོ་དེའི་སྔོན་མ་དང་བསྡུར་ན་སྐྱབས་བཅོལ་དུ་འབྱོར་ཐུབ་མཁན་མང་དུ་སོང་ཡོད་པ་དང་། སྐྱབས་བཅོལ་དུ་འབྱོར་མཁན་མང་ཆེ་བ་ལོ་ན་གཞོན་པའི་གྲས་ཡིན་ལ། ཁོ་ཚོ་སྐྱབས་བཅོལ་དུ་ཡོང་དགོས་དོན་ནི་བོད་ནང་དུ་སློབ་གྲྭ་ཁག་ཏུ་བོད་ཡིག་དང་སློབ་གཉེར་གྱི་རང་དབང་དང་། དབྱིན་ཡིག་སྐད་སློབ་སྦྱོང་གི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས། རྒྱ་གར་ལ་བོད་ཡིག་དང་དབྱིན་ཡིག་སྦྱང་ཆེད་དུ་སྐྱབས་བཅོལ་ཡོང་བ་ཡིན་སྟབས། མི་བཅུ་གྲངས་ཤིག་རྡ་རམ་ས་ལ་དང་ལྷོ་ཕྱོགས་སོགས་བོད་མི་འདུས་སྡོད་ཀྱི་ས་ཆར་གནས་སྡོད་བྱས་པ་མ་གཏོགས། དེ་ལས་གཞན་པའི་མི་མང་བོ་ཞིག་གྲྭ་ས་ཁུལ་དང་ཤེས་རབ་དགའ་ཚལ་སློབ་གླིང་སོགས་སློབ་གྲྭ་ཁག་ཏུ་སློབ་གཉེར་དུ་སོང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ཡང་ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་དུ་དགོན་སྡེ་དང་སློབ་གྲྭ་ཁག་གི་མཐུན་རྐྱེན་སྔར་ལས་ལྷག་པའི་མཐུན་རྐྱེན་འཛོམས་པོ་ཡོད་སྟབས། དེ་དག་དོན་དུ་གཉེར་ནས་ཡོང་མཁན་མང་བོ་ཞིག་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག།
གསར་འགོད་པ་ཀེ་ཐོ།