རྒྱ་ནག་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་སྐོར།
2011.07.17
༄༅༎རྒྱ་ནག་ནང་དུ་ཕྱི་ཟླ་དྲུག་པའི་འགོ་སྟོད་ནས་ཆར་ཤོད་ཆེན་པོ་འབབ་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་སྟེ་ཟླ་བ་གཅིག་དང་ཕྱེད་ཀའི་ནང་ཁྱོན་མི་༤༠༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་དེ་རིང་རྒྱ་ནག་གི་དཔོན་རིགས་ནས་བཤད་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་མི་དམངས་ལས་དོན་ཁང་གིས་བཤད་པར་གཞིགས་ན། ཕྱི་ཟླ་དྲུག་པའི་ཚེས་༡ ནས་རྒྱ་ནག་གི་ནང་དུ་ཆར་ཤོད་ཆེན་པོ་འབབ་ཏེ། ས་ཁུལ་ཁག་ཅིག་ནི་ཆུ་ལོག་དང་ས་རུད་ཀྱི་སྣན་པ་དང་མི་ཤི་བ་དང༌། ས་རུད་དང་ཆུ་ལོག་འོག་ཏུ་ཚུད་པའི་གྲངས་ཀ་ཆེས་མང་པོ་ཡིན་ཞིང༌། དེ་རིང་བར་དུ་ཁྱོན་མི་གྲངས་༣༥༥ རྐྱེན་ལམ་དུ་ཕྱིན་པ་དང་༡༡༢ ཤི་སོན་གང་ཡིན་རྙེད་སོན་མ་བྱུང་བ་དང༌། མི་དམངས་ས་ཡ་གཅིག་དང་གྲངས་ཆུང་གསུམ་ཛ་དྲག་གིས་ས་གནས་གཞན་དུ་ཉེན་ཡོལ་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་ནང་དུ་ལོ་ལྟར་དབྱར་ཀའི་ནམ་དུས་སུ་ཆར་ཤོད་ཆེན་པོ་འབབ་ཀྱི་ཡོད་པ་དང༌། ན་ནིང་དབྱར་དུས་སུ་ཆར་ཤོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ། མི་ཤི་བ་དང་རྙེད་སོན་མ་བྱུང་བའི་གྲངས་ཀ་ནི་༤༣༠༠ ཟིན་ཡོད་པར་བརྟེན་ནས། འདས་པའི་མི་ལོ་བཅུ་ཕྲག་གཅིག་ནང་བྱུང་མྱོང་མེད་པའི་རང་འབྱུང་གནོད་འཚེ་ཚབས་ཆེ་ཤོས་བྱུང་ཡོད་པ་རེད། དཔེར་ན་ན་ནིང་གི་རང་འབྱུང་གནོད་འཚེ་བྱུང་བ་ཆ་བཞག་ན། རྒྱ་ནག་གི་ནུབ་བྱང་ཀན་སུའུ་ཞིང་ཆེན་ཁོ་ནར་ཆ་མཚོན་ན་ན་ནིང་ཕྱི་ཟླ་བརྒྱད་པའི་ནང་ས་རུད་ཀྱི་གནོད་འཚེའི་ནང་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱ་རྐྱེན་ལམ་དུ་ཕྱིན་པ་མ་ཟད། འདི་ལོའི་དབྱར་དུས་ཀྱི་ཆར་ཤོད་ཀྱི་རྐྱེན་པས་ས་རུད་ཀྱི་གནོད་འཚེས་འགྲུལ་སྐྱེལ་མོ་ཊ་དང། དོ་པོ་འོར་འདྲེན་བྱེད་མཁན་མོ་ཊ་ཆེ་བར་སྐྱོན་ཆག་བྱུང་སྟེ་ཁྱོན་མི་གྲངས་༡༣ རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གི་ལྷོ་ནུབ་ཡུའུ་ནན་ཞིང་ཆེན་ནང་དུ་ས་རུད་ཀྱི་གནོད་འཚེས་རྐྱེན་པས་མོ་ཊའི་འགྲོ་ལམ་འགག་ཏེ་མོ་ཊ་༣༠༠ ཙམ་ཤར་བསྐྱོད་མ་ཐུབ་པར་འགག་པ་དང༌། དེའི་ནང་གི་འགྲུལ་པ་མི་གྲངས་༨༠༠ ཙམ་འགྲིམས་འགྲུལ་བྱེད་མ་ཐུབ་པར་དཀའ་ངལ་ཐོག་ལྷུངས་ཡོད་པ་རེད།