རྒྱ་ནག་གཞུང་ནས་བོད་ནང་དམ་བསྒྲགས་ཆེ་རུ་བཏང་འདུག
2008.06.04
༄༅༎དེ་རིང་ནས་བཟུང་ས་ག་ཟླ་བ་འགོ་ཚུགས་ཀྱི་ཡོད་སྟབས་རྒྱ་ནག་གཞུང་གིས་ལྷ་སའི་ནང་ཉེན་རྟོག་དམག་མི་ཕོན་ཆེ་ཞིག་འགྲེམས་འཇོག་བྱེད་ཡོད་པར་བརྟེན་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་ས་གནས་སྲིད་གཞུང་གི་མགྲིན་ཚབ་པར་ཞལ་པར་ཐོག་ནས་བཀའ་འདྲི་ཞུས་པའི་སྐབས་མིང་བཏོན་མི་བྱེད་པའི་མགྲིན་ཚབ་པ་དེས། ཉེན་རྟོག་དམག་མི་མང་དུ་གཏོང་དགོས་པའི་རྒྱུ་མཚན་ནི་བོད་པའི་ཁ་བྲལ་བ་ཚོས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་ལུགས་དངོས་གསལ་དོད་པོའི་ཐོག་ནས་ཕྱི་བསྒྲགས་བྱས་ནས་ཉེན་བརྡ་བཏང་བ་དང་། དེ་བཞིན་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་དུས་ཚོད་འགོ་ཚུགས་ཀྱི་ཡོད་པ་བཅས་ལ་བརྟེན་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ཉེན་རྟོག་པ་མང་དུ་བཏང་བ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག།
ཡིན་ནའང་གོང་ཞུས་མགྲིན་ཚབ་པ་དེས་གནད་དོན་ག་རེ་ཐོག་གསུངས་ཀྱི་ཡོད་མེད་གསལ་ཁ་བཏོན་མེད་པ་རེད།
དེ་དང་ཕྱོགས་མཚུངས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་མཐོ་གྲས་པད་མ་འཕྲིན་ལས་ལགས་ཀྱིས་ཀྱང་ཁ་ས་རེས་གཟའ་མིག་དམར་ཉིན་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་། ལྷ་སས་གཙོས་བོད་ཀྱི་ས་ཁུལ་གང་སར་མུ་མཐུད་ནས་ཟིང་ཆ་མི་ཡོང་བའི་ཆེད་དམ་བསྒྲགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་གཏམ་བཤད་སྤེལ་ཡོད་པ་བཅས་ད་རེས་ས་ག་ཟླ་བའི་དུས་ཚིགས་ཡིན་ནམ་ཡང་ན་རིང་མིན་རྒྱལ་ས་ལྷ་སའི་མངའ་ཁུལ་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་ཀྱི་ཡོད་པའི་ཆ་ནས་ཡིན་གང་ལྟར་བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ནས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།