རྡོ་རྗེ་གདན་དུ་ཚོགས་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་སྒྲིལ།
2020.01.07
རྒྱ་གར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་བཞིན་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་སྒྲིལ་གནང་སོང་།
ཟླ་བ་འདིའི་ཕྱི་ཚེས་ ༢ ་ཉིན་ནས་རྒྱ་གར་ནང་གི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་རྭ་བར་ཚོགས་བཞིན་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་ཚེས་༧ ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། ཉིན་མཐའ་མའི་ཚོགས་མགོན་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་དང་། སེར་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཁོངས་ནས་མཁན་ལས་ཟུར་རྣམ་པ་དང་། རིས་མེད་དགོན་སྡེ་ཁག་གི་གྲྭ་བཙུན་དང་དད་ལྡན་པ་བཅས་ཁྱོན་མི་གྲངས་གཅིག་ཁྲི་ལྷག་འདུ་འཛོམས་བྱུང་ཡོད་པ་རེད།
འདི་ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། གཙོ་བོ་འདི་ལོ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ ༦༠༠ ་ཧྲིལ་བོར་འཁོར་བའི་དམིགས་བསལ་གྱི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན་རི་བོ་དགེ་ལྡན་པ་སྤྱི་ཐོག་ནས་འཆར་གཞི་གཏན་འབེབས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ད་རེས་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཚོགས་པ་དགའ་ལྡན་ཤར་རྩེའི་མཁན་པོ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་གིས་ངོ་སྤྲོད་གནང་བྱུང་།
བོད་གངས་ཅན་ལྗོངས་ལ་ཡོངས་སུ་གྲགས་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ནི་བོད་ནང་ཐོག་མར་༧རྗེ་བླ་མ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་༡༤༠༩་ལོར་གསར་འཛུགས་གནང་པ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ལོ་ ༦༠༠ ལྷག་བརྒལ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་དྲན་ཞིག་ཆགས་ཀྱི་ཡོད་པ་དང་། བོད་ས་ཤོར་པའི་རྗེས་བཙན་བྱོལ་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་སྦག་སར་དང་དེ་ནས་རིམ་པས་གཞི་ཆགས་ཁག་དང་གཞུགས་སྒར་རྡ་རམ་ས་ལ་བཅས་སུ་ལོ་ལྟར་ཚོགས་གནང་གི་ཡོད་པ་རེད།