༧གོང་ས་མཆོག་སོག་ཡུལ་དུ་ཕེབས་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད།
2017.01.03
སོག་པོའི་དད་ལྡན་པ་ཚོས་༧གོང་ས་མཆོག་སླར་ཡང་སོག་ཡུལ་དུ་གདན་ཞུ་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སོག་ཡུལ་ནས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མཁན་ཁག་ཅིག་གིས། ཁ་སྔོན་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཞལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་། ༧གོང་ས་མཆོག་སོག་ཡུལ་ནང་མཛད་འཕྲིན་ཧ་ཅང་གི་གྲ་རྒྱས་པོ་བྱུང་བར་དགའ་སྤྲོ་དཔག་མེད་བྱུང་ལུགས་བརྗོད་ཡོད་པ་མ་ཟད། སོག་པོའི་གཞུང་གིས་སླར་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུ་རྒྱུ་མིན་པའི་རྣམ་འགྱུར་བསྟན་པ་དེ་ནི། སྤྱིར་བཏང་ཆབ་སྲིད་ཀྱི་གནས་སྟངས་ཤིག་ཡིན་པ་དང་། སོག་པོའི་མང་ཚོགས་རྣམས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་ཅིང་། སོག་པོའི་གཞུང་གི་རྣམ་འགྱུར་དེར་སེམས་འཚབ་དང་བློ་ཕམ་ཧ་ཅང་ཡོད། ཡིན་ན་ཡང་ཆབ་སྲིད་ཀྱི་གནས་སྟངས་དེ་རིགས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་སྟབས་སོག་པོའི་མི་མང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་སོག་ཡུལ་དུ་གདན་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད་པའི་སྐོར་བརྗོད་ཡོད་འདུག
དེ་དང་ཕྱོགས་མཚུངས་ཀུ་རི་ཡན་ནས་བཅར་བའི་ཆོས་ཞུ་བས་ཀུ་རི་ཡ་ཡུལ་ནང་ཡེ་ཤུའི་ཆོས་ལ་དད་ཞེན་བྱེད་མཁན་མང་པོ་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཀུ་རི་ཡ་ལུང་པའི་ནང་དེང་སྐབས་ཟིང་འཁྲུག་སོགས་ཀྱི་རྙོག་དྲ་མང་པོ་བྱུང་བཞིན་ཡོད་པར་བརྟེན་ནང་ཆོས་དར་རྒྱས་ཆེ་ཙམ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། དེ་མིན་ཨི་ཊ་ལི་དང་ཨི་སེ་རལ་སོགས་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཁག་ཅིག་ནི་ནང་ཆོས་སློབ་གཉེར་གནང་མཁན་ཡིན་པ་དང་། ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུ་བྱུང་བ་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག།
གསར་འགོད་པ་འཆི་མེད།