སྐུ་ཕུང་ལ་མུ་མཐུད་བརྟག་དཔྱད་གནང་རྒྱུ་ཡིན་འདུག
2015.02.20
སོག་ཡུལ་ནས་རྙེད་པའི་དགེ་འདུན་པ་དེའི་སྐུ་ཕུང་ལ་བརྟག་དཔྱད་བྱས་པ་བརྒྱུད་མཚན་སོགས་ཞིབ་དཔྱོད་བྱེད་ཐུབ་རྒྱུ་ཡིན་འདུག
དེ་ཡང་དེ་རིང་སྤྱི་ཚེས་༢༠་ཉིན་AFPགསར་ལས་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན། ཉེ་ལམ་སོག་ཡུལ་ནས་གསར་དུ་རྙེད་པའི་ལོ་༢༠༠་གོང་གི་ནང་པའི་དགེ་འདུན་པ་ཞིག་གི་སྐུ་ཕུང་དེ་ནི་སྤྱི་ལོ་༡༨༢༢་ནས་༡༩༠༥་བར་འཚོ་ཞུགས་གནང་བའི་སོག་པོའི་དགེ་འདུན་པ་Sanjjabཞུ་མཁན་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། Sanjjabཞུ་བའི་དགེ་འདུན་པ་ཁོང་ནི་སྤྱི་ལོ་༡༨༡༡་ནས་༡༨༩༤་བར་སྐུ་འཚོ་བཞུགས་གནང་བའི་སོག་པོ་ནང་པའི་བླ་ཆེན་གེ་སར་བླ་མ་ཞུ་བ་ཁོང་གི་དགེ་ཕྲུག་ཡིན་པ་ཤེས་རྟོགས་བྱུང་བའི་སྐོར་ནང་པའི་དགེ་འདུན་དེའི་སྐུ་ཕུང་ཐོག་རྟོག་ཞིབ་བྱེད་མཁན་ཚོགས་པའི་ཁོངས་ནས་བླ་མ་G. Purevbat གིས་སོག་པོའིToVམངའ་སྡེའི་Ulzii Badruulagchདགོན་པ་ནས་གསར་འགོད་པར་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིོས། གསར་རྙེད་བྱུང་པའི་སྐུ་ཕུང་དེ་ཡུན་རིང་ས་འོག་ཏུ་སྦས་པའི་དབང་གིས་ས་དང་ཐལ་བས་ཁེབས་ཡོད་ཅིང་། ཐལ་བ་རྣམས་གཙང་སེལ་བྱས་པའི་རྗེས་སྐུ་ཕུང་དེ་བཞིན་རྗེན་པ་ལྟ་བུ་ཡོད་པའི་སྣང་ཚུལ་བསྐྱེད་ཐུབ་རྒྱུ་ཡོད་པ་མ་ཟད། སྐུ་ཕུང་གི་བཞུགས་སྟངས་དེ་བཞིན་སྐབས་དེ་དུས་དགེ་འདུན་པ་ཁོང་ཐུགས་དམ་ངང་བཞུགས་ཡོད་པ་མངོན་ཐུབ་རྒྱུ་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
ནང་པའི་དགེ་འདུན་པ་དེའི་སྐུ་ཕུང་དེ་ཉེ་ལམ་ཨན་ཌོར་(Enhtor)ཟེར་བ་ཞིག་གིས་ཁཱོབ་ཌི་སེ་ཁེ་(Kobdsk) ས་ཁུལ་གྱི་བྲག་ཕུག་ཅིག་ནས་བརྙེད་ཡོད་པ་དང་། སྐུ་ཕུང་དེ་བརྙེད་མཁན་དེས་སྐུ་ཕུང་དེ་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཌར་Ulaanbaatarགྱི་རང་ཁྱིམ་དུ་སྦས་ཏེ། རྒྱལ་ཁབ་གཞན་ལ་རིན་གོང་མཐོ་པོ་བྱས་ཏེ་བཙོང་གྲབས་བྱེད་སྐབས་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་འཇུ་བཟུང་བྱས་ཡོད་པ་རེད། དེ་རྗེས་དགེ་འདུན་པ་དེའི་སྐུ་གདུང་སོག་ཡུལ་རྒྱལ་སར་ཡོད་པའི་རྒྱལ་ཡོངས་ཁྲིམས་དོན་སྨན་སྦྱོར་དཔྱད་ཞིབ་བསྟི་གནས་ཁང་ནང་འོར་འདྲེན་བྱས་ཏེ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡིན་འདུག
གསར་འགོད་པ་འཆི་མེད།