རྒྱ་དཀར་ནག་གི་དབུ་ཁྲིད་མ་མཇལ་གོང་བོད་མི་དགུ་འཛིན་བཟུང་བཀག་ཉར།
2019.10.07



རྒྱ་ནག་གི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད་གནང་རྒྱུའི་གོང་ལ་བོད་མི་དགུ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་བ་དང་མང་པོར་འདྲི་རྩད་བྱས་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷིས་(Narendra Modi)་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་རྣམ་གཉིས་རིང་མིན་བདུན་ཕྲག་འདིའི་གཟའ་མཇུག་ཏུ་རྒྱ་གར་གྱི་(Mamallapuram)་ས་ཁུལ་དུ་མཇལ་འཕྲད་གྲོས་མོལ་གནང་རྒྱུ་ཡིན་པར་བརྟེན། གྲོང་ཁྱེར་དེའི་ནང་ད་ལྟ་ནས་བཟུང་དབུ་ཁྲིད་གཉིས་ལ་ཕེབས་བསུའི་གྲ་སྒྲིག་བྱེད་བཞིན་པ་དང་། སྐབས་དེར་བོད་མི་ཚོས་ངོ་རྒོལ་རྔམ་སྟོན་རིགས་མི་ཡོང་ཆེད། འདི་ཚེས་༥་ཉིན་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་གནང་སའི་ས་གནས་དེ་ནས་རྒྱང་ཐག་སྤྱི་ལེ་༡༠༠་མ་ཟིན་ཙམ་གྱི་ས་གནས་ཀོ་ཌ་ཀུ་པམ་ནས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས། ཕྱི་ཚེས་༦་ཉིན་ཁོང་ཅི་ནཡེ་བྷ་ཛལ་དབུས་བཙོན་ཁང་ནང་བཀག་ཉར་བྱས་བསྡད་ཡོད་པ་རྒྱ་གར་གྱི་གསར་ལམ་ཁག་ནང་གནས་ཚུལ་ཐོན་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་འབྲེལ་ལམ་བྱེད་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་།
ཡིན་ཡང་འདི་ཚེས་༦་ཉིན། རྒྱ་གར་གྱི་ཅི་ནཡི་ས་གནས་ཉེན་རྟོག་པས་དཔོན་རིགས་མཇལ་འཕྲད་གནང་སའི་ས་གནས་ནས་རྒྱང་ཐག་སྤྱི་ལེ་༥༠་ཙམ་གྱི་ས་ནས། ཅི་ནཡི་གྲོང་ཁྱེར་ནང་གི་མཚམས་(TSAM)བོད་རིགས་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཚོགས་པ་ཁག་གསུམ་གྱི་རྒྱུན་ལས་སོགས་ཁྱོན་བོད་མི་བརྒྱད་འཛིན་བཟུང་གིས་སན་ཐོ་མས་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་བསྡད་ཡོད་པ་ཅི་ནཡི་མཚམས་(TSAM)་བོད་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་ན། འདི་ཚེས་༦་ཉིན་བསྟན་འཛིན་ཆོས་སྒྲོན་ལགས་ཀྱི་གཙོས་སློབ་ཕྲུག་༡༣་ཙམ་ཅི་ནཡི་ས་ལ་ཡུར་ཉེན་རྟོག་ལས་ཁུངས་སུ་སྐོང་འགུགས་གིས་ས་གནས་སུ་ཁྲིམས་མཐུན་མ་ཡིན་པར་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་ལས་འགུལ་རིགས་སྤེལ་རྒྱུ་མིན་པའི་ཁས་ལེན་གྱི་མིང་རྟགས་བཀོད་བཅུག་ཡོད་པ་དང་། དུས་ཡུན་འདྲ་མིན་ལ་བཀག་ཉར་གྱིས་འདྲི་རྩད་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྲིད་བློན་(Modi)་དང་ཞི་ཅིན་པིང་རྣམ་གཉིས་ཕྱི་ཟླ་བཅུ་པའི་ཚེས་༡༡་ནས་༡༣་བར་ཉིན་གསུམ་རིང་(Chennai)་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་(Mamallapuram)་དུ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། རྒྱ་གར་གྱི་སྲིད་བློན་(Modi)་མཆོག་གི་བཞུགས་གནས་མགྲོན་ཁང་གི་ལས་བྱེད་ཚོས་ཆེས་མཐོའི་སྐུ་མགྲོན་སྐོར་ཕྱི་ལ་བཤད་ཀྱི་མེད་ཀྱང་མགྲོན་ཁང་གི་ཕྱི་ནང་དུ་ཉེན་རྟོག་པ་མང་པོ་དཀྲམ་ཡོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་(ITC Grand Chola)་ཞེས་པའི་མགྲོན་ཁང་ནང་བཞུགས་རྒྱུའི་འཆར་གཞི་ཡོད་འདུག