རྒྱ་གར་གྱི་སྲིད་བློན་མཆོག་གིས་དབུ་བཞུགས་ཐོག་གནས་བརྟན་སྡེ་པའི་ལུགས་ལྟར་ལྷ་བབས་དུས་ཆེན་སྲུང་བརྩི་ཞུས་གནང་འདུག

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷིས་མཆོག་ལ་རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁོངས་སུ་གཞུང་འབྲེལ་ངོས་འཛིན་གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་ (Narendra Modi) མཆོག་གིས་དབུ་བཞུགས་ཐོག་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ (Vighyan Bhawan) ཚོགས་ཁང་ནང་རྒྱ་གར་ནང་གི་ནང་པའི་དགེ་འདུན་པ་གཙོ་བོར་གྱུར་བའི། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་ཏུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་ཆོས་རྒྱུད་རིས་མེད་ཀྱི་སྐུ་ཚབ། གཞན་ཡང་སིངྒ་ལ་ (Sri Lanka) དང་། མཡན་མར་ (Myanmar) སོགས་ཁྱིམ་མཚེས་ནང་པའི་ཡུལ་གྲུ་ཁག་ནས་དགེ་འདུན་པ་དང་སྐུ་ཚབ་བཅས་བརྒྱ་ཕྲག་མང་པོ་འདུས་ཏེ་གནས་བརྟན་སྡེ་པའི་ལུགས་ལྟར་ལྷ་བབས་དུས་ཆེན་དང་། དེ་བཞིན་པཱ་ལའི་སྐད་ཡིག་འདི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྐད་ཡིག་ཏུ་ངོས་འཛིན་ཞུས་པའི་མཛད་སྒོ་རྒྱས་འཛོམས་གནང་ཡོད་པ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞབས་ཞུ་བ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྐབས་དེར་སྲིད་བློན་མོ་དྷི་མཆོག་གིས་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་དེ་བཞིན་རྒྱལ་ཁབ་ཁག་གི་གནད་ཡོད་བླ་ཆེན་རྣམས་ལ་སྐུ་གཟན་ཕུལ་དེ་ཆེ་བསྟོད་ཞུས་ཡོད་ཅིང་། སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་གྱིས་སངས་རྒྱས་ལ་དད་གུས་ཞུས་པ་ཙམ་མ་ཡིན་པར། འགྲོ་བ་མི་ཡོངས་ལ་ཞབས་འདེགས་སྒྲུབ་པའི་ལམ་བུ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ཅེས་དང་། སངས་རྒྱས་ལ་དད་པ་དང་ནང་བསྟན་གྱི་སྐོར་གོ་རྟོགས་ཡོད་མཁན་གྱི་རྒྱལ་ཁབ་དང་མི་མང་རྣམས་མཉམ་དུ་འདུས་ཆེད་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད། འདིའི་ཐད་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་དོན་སྙིང་ལྡན་པའི་འབད་བརྩོན་བྱེད་བཞིན་ཡོད་པར་དགའ་པོ་བྱུང་། དཔེར་ན། མཡན་མར་དང་། སིངྒ་ལ་ (Sri Lanka) ཐེ་ལནཌི་ (Thailand) ལྟ་བུའི་རྒྱལ་ཁབ་ཁག་ཏུ་པཱ་ལིའི་སྐད་ཡིག་གི་ནང་དུ་ཡོད་པའི་ནང་པའི་བསྟན་བཅོས་རྣམས་ཕྱོགས་སྒྲིག་བྱེད་བཞིན་ཡོད་ལ། རྒྱ་གར་ནང་དུའང་ང་ཚོས་དེ་ལྟ་བུའི་འབད་བརྩོན་ཤུགས་ཆེར་བྱེད་བཞིན་ཡོད། སྲོལ་རྒྱུན་གྱི་ཐབས་ལམ་དང་མཉམ་ང་ཚོས་པཱ་ལིའི་སྐད་ཡིག་དར་སྤེལ་གཏོང་བའི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་གར་དབུས་གཞུང་གིས་ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ལྟར་སྟོན་པ་ཤཱཀྱ་ཐུབ་པས་ལྷ་ཡུལ་དུ་མ་ཡུམ་ལ་ཆོས་བསྟན་ནས་ཕྱིར་འཛམ་གླིང་དུ་བྱོན་པའི་ལྷ་བབས་དུས་ཆེན་ (Abhidhama Divas) ཞེས་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།