སྐྱབས་རྗེ་གླིང་རིན་པོ་ཆེ་ཡིས་ར་ཤེ་ཡའི་ཁྱབ་ཁོངས་ས་ཁུལ་ཁག་ཅིག་ནང་ཆོས་འབྲེལ་གནང་འདུག

དེ་ཡང་སྐྱབས་རྗེ་གླིང་རིན་པོ་ཆེ་ཡིས་རྒྱ་གར་དང་ར་ཤེ་ཡའི་བར་ཆོས་ཕྱོགས་ཀྱི་འབྲེལ་ལམ་སྔར་བས་དམ་ཟབ་གཏོང་ཆེད། ཉེ་བའི་བདུན་ཕྲག་གཉིས་ལྷག་ཙམ་རིང་ར་ཤེ་ཡའི་ཁྱབ་ཁོངས་སུ་ཡོད་པའི་(Buryatia)་ནང་གི་ས་གནས་ཁག་མང་པོར་མི་མང་ལ་མཇལ་ཁ་དང་གསུང་ཆོས་གནང་བ་དང་། དེ་བཞིན་རྒྱལ་ས་(Moscow)་ནང་གི་རྒྱ་གར་གཞུང་ཚབ་ཁང་དུ་སྐུ་ཐང་རྙིང་པའི་འགྲེམས་སྟོན་དབུ་འབྱེད་དང་གསུང་བཤད་གནང་འདུག
ད་ཐེངས་གཙོ་བོ་(Buryatia)་ཡི་ནང་པའི་བླ་ཆེན་མཁན་པོ་(Lama Damba Ayushdeev)་ལགས་ཀྱིས་གདན་ཞུ་ཕུལ་བ་བཞིན་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ར་ཤེ་ཡའི་ནང་ཕེབས་པ་ཡིན་འདུག་ལ། རིན་པོ་ཆེ་མཆོག་ལ་ཆོས་ཕྱོགས་ཀྱི་ལམ་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག
གླིང་རིན་པོ་ཆེ་མཆོག་ར་ཤེ་ཡའི་ཁྱབ་ཁོངས་(Buryatia)་ནང་གི་ས་ཁུལ་ཁག་༡༧ཙམ་ཀྱི་ནང་པའི་དགོན་པ་ཁག་ལ་ཕེབས་ནས། དགོན་པའི་དབུ་བླ་རྣམས་དང་མཇལ་འཕྲད་དང་། བཀའ་བསྡུར། རབ་གནས། གཟིགས་ཞིབ། དེ་བཞིན་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ། གསུངས་ཆོས་སོགས་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་ཡོད་པ། རིན་པོ་ཆེ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། ཐེངས་འདིར་གླིང་རིན་པོ་ཆེ་མཆོག་གིས་ར་ཤེ་ཡའི་ནང་བསྐྱངས་བའི་མཛད་འཕྲིན་གལ་ཆེ་ཤོས་ཤིག་ནི། ནང་པའི་དགོན་པ་གྲྭ་ཚང་ཁག་ལ་སོག་ཡིག་ནང་ཕབ་བསྒྱུར་གནང་བའི་བཀའ་འགྱུར་ཕྱག་དཔེ་པོད་༡༠༨ཡོད་པ་འབུལ་ལམ་ཞུས་པའི་གཞུང་འབྲེལ་གྱི་མཛད་སྒོ་གནང་ཡོད་པ་ཡང་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།