ཨ་རིའི་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱིས་ས་གནས་སུ་བོད་སྐད་བཀོལ་སྤྱོད་གནང་མཁན་རྣམས་ཀྱི་ཆེད་བོད་སྐད་ཀྱི་ངོ་དེབ་དྲྭ་ཚིགས་ཤིག་གསར་བཟོ་གནང་འདུག
ཟླ་ ༣ ཚེས་ ༢༨ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་ Mayor’s Office of Immigrant Affairs (MOIA) ནས་ནིའུ་ཡོག་ནང་གནས་སྡོད་བོད་པ་གཙོ་བོ་འགྱུར་བའི་ཧི་མ་ལ་ཡ་བོད་སྐད་བསྐྱོན་མཁན་གནས་སྤོ་བ་རྣམས་ཀྱི་ཕྱིར་ཞབས་ཞུ་སྒྲུབ་རྒྱུའི་སླད་སོ་སོའི་སྐད་ཡིག་གི་ཐོག་ནས་གྲོང་ཁྱེར་སྤྱི་ཡོངས་ཀྱི་གནས་ཚུལ་དང་གཞུང་འབྲེལ་གནད་དོན་སོགས་ཤེས་རྟོགས་ཐུབ་པའི་སླད་བོད་ཀྱི་སྐད་ཡིག་ཐོག་ཆེད་དུ་ངོ་དེབ་དྲྭ་ཚིགས་ཤིག་གསར་བཟོ་གནང་འདུག
ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་ (MOIA) གྱི་འགན་འཛིན་ (Manuel Castro) མེ་ནུལ་ཀེས་ཊོ་ལགས་ཀྱིས། ཐེངས་འདིར་གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ངོས་ནས་ཆེད་དུ་བོད་སྐད་ཐོག་ངོ་དེབ་དྲྭ་ཚིགས་ཤིག་གསར་བཟོ་ཐུབ་པར་སྤོབས་པ་དང་། ལས་གཞི་དེ་ཐོག་མར་འགོ་འཛུགས་དགོས་དོན་ནི་ངོ་དེབ་དེའི་བརྒྱུད་གནས་སྡོད་བོད་མི་རྣམས་ལ་སོ་སོའི་སྐད་ཡོག་ཐོག གྲོང་ཁྱེར་སྤྱི་ཡོངས་ཀྱི་གལ་ཆེའི་གནས་ཚུལ་དང་མཐུན་རྐྱེན་ཞབས་ཞུ། གཞུང་འབྲེལ་སྲིད་ཇུས་འགྱུར་འགྲོས་སོགས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་ར་སྤྲོད་ཐུབ་ཆེད་ཡིན་ཞིང་། སོ་སོའི་སྐད་ཡིག་གི་ཐོག་ནས་གཞུང་འབྲེལ་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ནི་སྤྱི་དམངས་ཀྱི་ཐོབ་ཐང་ཞིག་ཀྱང་ཡིན་ལ། ཨིན་ཡིག་མ་ཤེས་པའམ་དབྱིན་སྐད་ཤོད་མི་ཐུབ་པ་དེས་གནས་སྤོས་ཡུལ་མི་རྣམས་ལ་ས་གནས་གཞུང་གིས་མཁོ་སྤྲོད་བྱས་པའི་གཞུང་འབྲེལ་གྱི་གསར་གནས་སོགས་ཤེས་རྟོགས་བྱེད་པར་འགོག་རྐྱེན་བཟོ་མི་རུང་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མ་ཟད་མེ་ནུལ་ཀ་སི་ཊོ་ལགས་ཀྱིས། ས་གནས་སྲིད་གཞུང་ངོས་ནས་དུས་རྟག་ཏུ་གནས་སྤོས་ཡུལ་མི་རྣམས་ལ་རྒྱབ་སྐྱོར་དང་། འདས་པའི་ལོ་ཡུན་ཁྲོད་གནས་སྤོས་ཡུལ་མི་རྣམས་ནས་ནིའུ་ཡོག་གྲོང་ཁྱེར་ཆེད་དུ་ཞབས་འདེགས་རླབས་ཆེན་གྲུབ་པར་ཡིད་རངས་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།
གཞན་ཡང་ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་ཚེ་དབྱངས་ལགས་ཀྱིས་ལས་གཞི་དེ་འབྲེལ་ངོ་སྤྲོད་གནང་དོན་ལ། ལས་གཞི་དེ་ནི་ད་བར་ལོ་རྒྱུས་ཁྲོད་ཆེད་དུ་བོད་སྐད་ཐོག་གི་ངོ་དེབ་གསར་བཟོ་གནང་བ་ཐོག་མ་དེ་ཡིན་ལ། ད་བར་གྲོང་ཁྱེར་གཞན་གང་གི་ནུང་དུའང་ལས་གཞི་དེ་ལྟར་སྤེལ་མྱོང་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་ (MOIA) གྱི་འགན་འཛིན་ (Manuel Castro) མེ་ནུལ་ཀེས་ཊོ་ལགས་ཀྱིས་འདས་པའི་ལོ་ཤས་རིང་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད། བོད་པའི་སྤྱི་ཚོགས་དང་འབྲེལ་བ་གཏིང་ཟབ་ཐོག བོད་ཀྱི་སྐད་ཡིག་དང་མི་རིགས་ལ་ཆེ་མཐོང་འཛིན་མཁན་ཞིག་ཡིན་པས། ཐེངས་འདིར་ཁོང་ནས་བོད་པའི་སྐད་ཡིག་ལ་དམིགས་སུ་ཆེ་མཐོང་གིས་ངོ་དེབ་དེ་བཞིན་གསར་བཟོ་གནང་བ་ཞིག་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཟླ་ ༣ ཚེས་ ༢༨ ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་གྱིས་དེ་འབྲེལ་གསལ་བསྒྲགས་བྱས་པའི་ནང་། ཐེངས་འདིའི་ལས་འཆར་དེ་བཞིན་ཨ་རིའི་གྲོང་ཁྱེར་ནང་རིག་གཞུང་དང་སྐད་ཡིག་ཁ་ཟས་ལུགས་སྲོལ་སོགས་ཀྱིས་སྤྲོ་སྣང་བསྐྲུན་མཁན་གྱི་བོད་སྐད་བསྐྱོན་མཁན་རྣམས་བསྙབ་ཐུབ་ཆེད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འཆར་ཞིག་ཡིན་ཞེས་དང་། གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་ངོས་ནས་སྐད་ཡིག་གི་མཐུན་འགྱུར་དེ་བཞིན་ཨ་རིའི་གྲོང་ཁྱེར་ནང་དུ་དུས་ཐོག་གནས་ཚུལ་ཤེས་རྟོགས་སོགས་ཀྱི་ཐོབ་ཐང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་དང་སྦྲགས། ངོ་དེབ་འདི་ནི་ལོ་རྒྱུས་ལྡན་པ་བོད་སྐད་བསྐྱོན་མཁན་གནས་སྤོ་བ་རྣམས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཟས་རིགས། ཕ་མེས་བརྒྱུད་པ་ཕྱུག་པོར་དམིགས་ནས་གྲོང་ཁྱེར་གྱི་མཐུན་རྐྱེན་། ཞབས་ཞུ་སོགས་དུས་ཐོག་ཐོབ་སླད་ཡིན་ཞེས་འཁོད་འདུག་ཅིང་། ནིའུ་ཡོག་གནས་སྡོད་བོད་མིའི་ཚོགས་སྒེར་ཁག་ནས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་བརྒྱུད་ལས་འཆར་དེའི་སྐོར་གང་མང་ཁྱབ་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིདཀུན་སྒྲོལ།