༸གོང་ས་མཆོག་གི་འཁྲུངས་སྐར་བསྟུན་ནས་སྦྱིན་པ་བཏང་བ།
2009.07.05
༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་ཨ་རིའི་མི་ནི་སོ་ཊའི་ས་གནས་བོད་རིགས་ཚོགས་པས་གཟའ་པ་སངས་ཉིན་ས་ཁུལ་དེའི་ནང་དབུལ་ཕོངས་ཉམས་ཐག་ཚོར་བོད་ཟས་ཀྱི་སྦྱིན་པ་བཏང་ཡོད་འདུག
དེའི་ཉིན་གྱི་སྔ་དྲོའི་ཚོུད་དགུ་དང་ཕྱེད་ཀ་ནས་དང་པོ་བར་ས་ཁུལ་དེའི་ནང་ཡོད་པའི་ཡེ་ཤུའི་ཆོས་ཁང་ཞིག་ཏུ་ས་གནས་བོད་མི་དང་བླངས་ཞབས་ཞུ་པ་མི་གྲངས་ཉི་ཤུ་རྩ་ལྔས་ཟ་ཁང་ནང་མེ་ཏོག་དང་མཚོན་སྣ་ཅན་གྱི་དར་ལྕོག་སོགས་བཀལ་ནས་དེར་འདུ་འཛོམས་བྱུང་བའི་དབུལ་ཕོངས་ཉམས་ཐག་མི་གྲངས་ཉི་བརྒྱ་ལྷག་ཙམ་ལ་ཟས་ཀྱི་སྦྱིན་པ་བཏང་ཡོད་པ་དང་དབུལ་ཕོངས་ཉམས་ཐག་ཚོར་ཁ་ཟས་ཀྱི་སྦྱིན་པ་གཏོང་རྒྱུའི་ལས་རིམ་དེ་ནི་ཕྱི་ལོ་ཉིས་སྟོང་བདུན་ལོར་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་དེའི་ཁུལ་གྱི་དབུལ་ཕོངས་ཉམས་ཐག་ཚོར་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ཁ་ཟས་སྦྱིན་པ་བཏང་གནང་བའི་རླབས་ཆེའི་ལམ་སྟོན་བཞིན་མི་ནི་ས་ཊའི་ཨ་རི་དང་བོད་མིའི་ཐེབས་རྩ་ཚོགས་པས་ད་རེས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་བསྟུན་ནས་ལས་དོན་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་མ་འོངས་ཚོགས་པ་དེས་ལོ་ལྟར་དུས་ཚོད་འདིར་སྤྱི་ཚོགས་ཞབས་ཞུའི་ཉིན་མོར་གཏན་འབེབས་བྱས་ནས་ལས་རིམ་དེ་རིགས་སྤེལ་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་བྱས་འདུག དེ་དང་འབྲེལ་ཨ་རིའི་ས་ཁུལ་མང་པོ་ཞིག་ནང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་ས་གནས་སོ་སོའི་ནང་ཡོད་པའི་དབུལ་ཕོངས་ཉམས་ཐག་ཚོར་ཟས་ཀྱི་སྦྱིན་པ་གཏོང་རྒྱུའི་ལས་རིམ་ཞིག་སྤེལ་བཞིན་ཡོད་པ་ལྟར་འདི་ག་རྒྱལ་ས་ལྦ་ཤིང་ཊོན་མངའ་ཁུལ་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའི་འོག་ཁ་ས་ཕྱི་དྲོ་ས་གནས་བོད་མི་ཚོས་ཁུལ་དེའི་ནང་ཡོད་པའི་དབུལ་ཕོངས་ཉམས་ཐག་ཚོར་བོད་ཟས་དང་དེ་མིན་གྱི་ཟས་ཀྱི་སྦྱིན་པ་བཏང་གནང་ཡོད་པ་རེད༎