སོག་མཁར་བློ་གྲོས་རྒྱ་མཚོ་ཡིས་ལྷ་ས་ནས་སྐད་འབོད་བྱས་རྗེས་འཛིན་བཟུང་བྱས་འདུག
2018.02.06
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ལྷ་ས་ནས་སྐད་འབོད་བྱས་རྗེས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ད་ལྟ་སོག་རྫོང་ན་བཀག་ཉར་བྱས་འདུག
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕོ་བྲང་པོ་ཏཱ་ལའི་མདུན་དུ་སྐད་འབོད་བྱས་རྗེས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟ་སོག་རྫོང་ན་བཀག་ཉར་བྱས་བསྡད་ཡོད་པ་ཁུངས་ལྡན་གནས་ཚུལ་ར་སྤྲོད་བྱུང་ཡོད་པ་དང་། དེ་ནི་ཉེ་ཆར་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་། བཙན་བྱོལ་ནང་གནས་སྡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། གོང་གསལ་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕོ་བྲང་པོ་ཏཱ་ལར་བསྐོར་བ་ཚར་གཅིག་རྒྱབ་ནས་ཞི་བའི་སྐད་འབོད་གནང་བ་དངོས་སུ་མཐོང་མཁན་བྱུང་བའི་མ་ཚད། སྐར་མ་བཞི་ལྔའི་མཚམས་སུ་ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་བ་དང་། དེའི་ཕྱི་ཉིན་སོག་རྫོང་དུ་རྩིས་སྤྲོད་བྱས་ནས་ད་ལྟའི་ཆར་ཁོང་སོག་རྫོང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
ད་དུང་མི་རིང་བར་ཁོང་ཁུལ། ལྗོངས་བཅས་སུ་ཁྲིད་ནས་ཁྲིམས་བཤེར་བྱེད་སྲིད་པའི་དོགས་པ་བྱེད་བཞིན་ཡོད་འདུག
ཁོང་གིས་སྐད་འབོད་མ་བྱས་སྔོན་བསྒྲགས་གཏམ་བརྙན་ཐུང་ཞིག་སྤེལ་ནས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་དངོས་སུ་འཛམ་གླིང་ཞི་བདེའི་ལས་འགུལ་འགོ་འཛུགས་རྒྱུ་ཡིན་པ་བརྗོད་འདུག
དེ་བཞིན་གོང་གསལ་བོད་མི་དེས་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། དེ་སྔོན་ ༢༠༡༧ ལོར་ཏང་གི་ཚོགས་ཆེན་བཅུ་དགུའི་སྐབས་ཁོང་ལྷ་ས་རུ་ཡོད་པ་དང་། སྐབས་དེར་སོག་རྫོང་ལས་བྱེད་ཀྱིས་མར་ཡོང་དགོས་པ་དང་། གལ་སྲིད་མ་ཡོང་ན་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ངོས་འཛིན་དང་། མ་ཟད་མར་བཙན་དབང་གིས་ཁྲིད་ཀྱིན་ཡིན་རབ་བསྒྲགས་ནས། ཆེད་དམིག་གིས་ཉེས་རྟོག་པ་བསླེབས་ནས་མར་ཁྲིད་འདུག
གསར་འགོད་པ་སངས་རྒྱས་རྡོ་རྗེ།