རྒྱ་གཞུང་གི་གནོན་ཤུགས་འོག་བོད་པའི་བུད་མེད་བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་བསྡུར་ནས་ཕྱིར་འབུད་བྱེད་དགོས་བྱུང་འདུག

2024.01.10
རྒྱ་གཞུང་གི་གནོན་ཤུགས་འོག་བོད་པའི་བུད་མེད་བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་བསྡུར་ནས་ཕྱིར་འབུད་བྱེད་དགོས་བྱུང་འདུག བསྟན་འཛིན་དཔལ་སྒྲོན་ལགས་༢༠༢༣ལོའི་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་སྐབས།
ཕབ་བཤུས་དང་སྒྲིག་བཟོ།

དེ་ཡང་ཕྱི་ལོ་༢༠༡༧་ལོར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་དབུ་རྒྱན་ཐོབ་མཁན་ཨ་རིའི་ནེའི་ཡོག་ཏུ་གནས་བཞུགས་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཉེ་དུས་ཨེ་ཤེ་ཡའི་རྒྱལ་ཁབ་ཀེམ་བྷོ་ཀྲེ་ཡའི་ནང་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་རྩེར་སོན་མཛེས་མ་༢༥འི་ཁོངས་སུ་ཚུད་ཡོད་ཀྱང་། རིམ་པས་རྒྱ་ནག་གཞུང་གིས་གོ་ལའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་ཚོགས་པ་དང་གོ་ལའི་མཛེས་མའི་འགྲན་བསྡུར་སྔོན་འགྲོ་གནང་ཡུལ་ཀོམ་བྷི་ཀྲི་ཡ་Cambodia)་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་ཁོང་མོར་ཆ་རྐྱེན་འདྲ་མིན་བཏོན་པ་དང་རྒྱ་ནག་རྒྱལ་ཁབ་ཀྱི་མིང་ཐོག་ནས་མཉམ་ཞུགས་བྱེད་དགོས་བ་སོགས་བཤད་པར་བརྟེན་ཁོང་མོ་འགྲན་བསྡུར་དེ་ནས་ཕྱིར་འབུད་བྱེད་དགོས་བྱུང་ཡོད་འདུག
བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། ཁོང་མོ་(Cambodia)་དང་(Vietnam)་རྒྱལ་ཁབ་གཉིས་ཀྱི་ནང་ཚོགས་བཞིན་པའི་(Miss Global)་གོ་ལའི་མཛངས་མའི་འགྲན་བསྡུར་ནང་བོད་མིའི་ཚབ་མཚོན་ཆེད་ཟླ་ཤས་རིང་གྲ་སྒྲིག་བྱས་ནས་མཉམ་ཞུགས་བྱས་བ་དང་། སྤྱི་ཟླ་༡པོའི་ཚེས་༢ཉིན་(Cambodia)་ནང་སྔོན་འགྲོའི་འགྲན་བསྡུར་སྐབས་ཁོང་མོས་སྡིངས་ཆའི་སྟེང་། ཁོང་མོ་བོད་ཀྱི་ཚབ་མཚོན་བྱས་ནས་མཉམ་ཞུགས་གནང་བ་དང་བཅས་བོད་ཀྱི་སྐོར་ངོ་སྤྲོད་དང་མཇུག་ཏུ་བོད་རྒྱལ་ལོ་ཞེས་བཤད་པ་ཡིན། རྗེས་སུ་ཁོང་ཚོ་འགྲན་ཞུགས་པ་ཚོ་(Cambodia)་ནས་(Vietnam)་ལ་བསྐྱོད་སྐབས། ས་མཚམས་ནས་གོ་སྒྲིག་ཚོགས་ཆུང་གི་མི་སྣས་ཁོང་མོར། རྒྱ་ནག་གཞུང་གིས་ཁུལ་དེའི་སྲིད་བློན་གཙོས་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་ལ་གནོན་ཤུགས་སྤྲད་དེ་ཁོ་མོར་འགྲན་བསྡུར་ཁྲོད་བོད་ཀྱི་མིང་བྱང་གོན་མི་ཆོག་པ་དང་། བོད་རྒྱལ་ལོ་ཞེས་བརྗོད་མི་ཆོག་ཅེས་བཤད་སྐབས་བློ་ཕམ་བྱུང་། མ་ཟད་ད་དུང་བོད་ཀྱི་རྒྱལ་དར་མཉམ་འཁྱེར་མི་ཆོག་པ་དང་། བོད་ཆས་གྱོན་མི་ཆོག་པ་སོགས་ཀྱི་ཆ རྐྱེན་བཏོན་པ་མ་ཟད་། བོད་དང་ཐེ་ཝན་གཉིས་རྒྱལ་སྤྱིའི་འགྲན་ཚོགས་སུ་ཞུགས་འདོད་ཡོད་ཚེ་རྒྱ་ནག་གི་མི་སེར་གྱི་མིང་ཐོག་ནས་མཉམ་ཞུགས་བྱ་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་སོང་། དེ་ནི་ཁོང་མོ་འགྲན་བསྡུར་ལ་ཞུགས་པའི་དམིགས་ཡུལ་མིན་པས་ཆ་རྐྱེན་དེ་དག་ལ་མོས་མཐུན་མ་གནང་བར་འགྲན་བསྡུར་ནས་ཕྱིར་འབུད་བྱེད་དགོས་བྱུང་བར་བློ་ཕམ་བྱུང་། ཡིན་ན་ཡང་ད་ཐེངས་ཁོང་མོ་རྒྱལ་སྤྱི་རང་བཞིན་གྱི་མཛངས་མའི་འགྲན་བསྡུར་ནང་བོད་པའི་ཚབ་མཚོན་ཐོག་ནས་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་ཕན་ནུས་ལྡན་པ་བྱུང་བས་དགའ་སྤོབས་སྐྱེས། བཙན་བྱོལ་ནང་གི་བུད་མེད་རྣམས་ལ་སེམས་ཤུགས་དང་ནུས་སྟོབས་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད་བྱུང་།
གནད་དོན་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་(Cambodia)་སྐད་རིགས་སྡེ་ཚན་གྱིས་༢༠༢༣་ལོའི་གོ་ལའི་མཛངས་མ་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་ལ་འདྲི་རྩད་བྱས་སྐབས་(Sophin)་ཞུས་བས། རྒྱ་ནག་གཅིག་གི་སྲིད་ཇུས་འོག་གཞུང་གི་འབྲེལ་ཡོད་ཚན་པས་གོ་སྒྲིག་ཚོགས་ཆུང་ལ་འགྲན་ཞུགས་པའི་ཁྲོད་ནས་བོད་དང་ཐེ་ཝན་གྱི་འགྲན་ཞུགས་པ་གཉིས་ཕྱིར་ཕུད་བྱེད་དགོས་བའི་སྐུལ་མ་གནང་བྱུང་། གནས་སྟངས་དེའི་འོག་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་མཉམ་ཞུགས་མ་གནང་བ་རེད་ཅེས་ལན་འདེབས་གནང་འདུག
བསྟན་འཛིན་དཔལ་སྒྲོན་ལགས་འདི་ཚེས་༡༠ཉིན་ཕྱིར་ཨ་རིར་འབྱོར་ཡོད་པ་དང་། ཨ་མི་ཀི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ནས་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཕྱི་ལོ་༢༠༢༣་ལོའི་གོ་ལའི་མཛེས་མའི་འགྲན་བསྡུར་ནང་ཞུགས་འགོ་བཙུགས་པ་ནས་བཟུང་རྒྱབ་སྐྱོར་ཞུས་སྟབས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་སྐབས་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་གཙོས་པའི་བོད་མི་རྣམས་ཀྱིས་དགའ་བསུའི་སྣེ་ལེན་ཞུས་འདུག་ལ། སྐབས་དེར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་བོད་མིའི་ཚབ་མཚོན་གྱི་ཐོག་ནས་གོ་ལའི་མཛངས་མའི་འགྲན་བསྡུར་ནང་ཞུགས་མ་བཅུག་པར་ཕྱིར་འབུད་བྱེད་དགོས་བྱུང་བར་བོད་མི་ཚོས་བློ་ཕམ་དང་རྒྱ་ནག་གི་བྱེད་ལས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཕྱི་ལོ་༢༠༢༣་ལོའི་གོ་ལའི་མཛེས་མའི་འགྲན་བསྡུར་ནང་ཞུགས་འགོ་བཙུགས་ཙམ་ལ། མཛེས་མ་༧༥་ཁོངས་ནས་མཛེས་མ་རྩེར་སོན་འོས་ཤོག་མང་ཤོས་ཐོབ་མཁན་༤༠་ཁོངས་སུ་ཚུད་པ་དང་། དེ་ནས་༡༥་ཁོངས་སུ་ཚུད་པ་མ་ཟད། ཁོང་འགྲན་བསྡུར་དེ་ནས་ཕྱིར་འཐེན་མ་གནང་གོང་ཙམ་ལ་ཁོང་མཛེས་མ་ཨང་དང་པོ་བཞིའི་ཁོངས་སུ་ཚུད་ཡོད་པ་(MissGlobal2023.com)་ཞེས་པའི་དྲ་རྒྱའི་ཐོག་བཀོད་འདུག དྲ་རྒྱ་བརྒྱུད་ནས་གོ་ལའི་མཛེས་མའི་འགྲན་བསྡུར་ནང་བཞུགས་མཁན་ཚོར་ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་༡་ཚེས་༡༧་བར་འོས་ཤོག་འཕེན་ཆོག་གི་ཡོད་པ་ཡང་གོང་ཞུས་དྲ་རྒྱའི་ཐོག་བཀོད་འདུག
ད་ལོ་རང་ལོ་༢༧ཡིན་པའི་བསྟན་འཛིན་དཔལ་སྒྲོན་ལགས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། དེ་སྔ་སྤྱི་ལོ་༢༠༡༧ལོར་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པ་དང་། ཕྱི་ལོ་༢༠༡༧ལོའི་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་མཉམ་ཞུགས་གནང་ནས་རྒྱལ་སྤྱིའི་བུད་མེད་དྲུག་ཅུ་ལྷག་གི་ཁྲོད་ནས་རྩེར་སོན་ཉི་ཤུའི་ཁོངས་སུ་ཚུད་ཡོད་པ་དང་། ད་ཐེངས་ཁོང་མོ་ཕྱིར་འབུད་མ་བྱས་བའི་སྔོན་༢༠༢༣་ལོའི་གོ་ལའི་མཛངས་མའི་འགྲན་བསྡུར་ནང་ཞུགས་ནས་རྩེར་སོན་༢༥་ཁོངས་སུ་ཚུད་ཡོད་པ་རེད། ད་རེས་གོ་ལའི་མཛངས་མའི་འགྲན་བསྡུར་ནང་བཞུགས་མཁན་ཚོར་དྲ་རྒྱ་བརྒྱུད་ནས་ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་༡་ཚེས་༡༧་བར་འོས་ཤོག་འཕེན་ཆོག་གི་ཡོད་པ་རེད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བློ་བཟང་ཆོས་འཕེལ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎