རྒྱ་གར་དུ་ཕྲུ་གུ་བུ་དང་བོུའི་བསྡུར་ཚད་ཁྱད་པར།
2011.05.24
༄༅༎རྒྱ་གར་ནང་བཟའ་མི་ཚོས་ཕྲུ་གུ་བུ་དང་བོུ་འདེམས་ཀ་བྱས་ཏེ། བོུ་མང་པོ་མངལ་ནས་བཏོན་པར་བརྟེན།ད་ཆ་ལོ་དྲུག་ཡན་གྱི་བུ་ས་ཡ་བདུན་དང་གྲངས་ཆུང་གཅིག་དང་བོུ་གྲངས་ཀ་དེ་ལས་ཉུང་བ་ཡོད་པ་དེ་ཡིས་འདས་པའི་མི་ལོ་བཅུ་ཕྲག་གཅིག་ནང་བུ་དང་བོུ་མང་ཉུང་གི་བར་ཁྱད་ས་ཡ་གཅིག་ལྷག་ཕྱིན་ཡོད་པའི་སྐོར་ཞིབ་འཇུག་པས་གསུང་ཡོད་པ་རེད།
རྒྱ་གར་ནང་གི་ཁྱིམ་ཚང་ཚོས་ཕྲུ་གུ་དང་པོ་དེ་བོུ་སྐྱེས་པའི་རྗེས། ཕྲུ་གུ་གཉིས་པ་འཁོར་བའི་སྐབས་གློག་པར་རྒྱབ་ཏེ། ཕྲུ་གུ་གཉིས་པ་དེ་བོུ་ཡིན་ན་མངལ་ནས་བཏོན་མཁན་ཇེ་མང་དུ་འགྲོ་བའི་ཁར། ཕྲུ་གུ་བུ་སྐྱེས་རྒྱུར་འདེམས་ཀ་བྱེད་མཁན་མང་ཆེ་བ་ནི་དཔལ་འབྱོར་ཡོད་པའི་ཁྱིམ་ཚང་ལས་སྐྱོ་བའི་ཁྱིམ་ཚང་ཡིན་ཁར་ཕྲུ་གུ་བུ་མང་བ་ཡང་སྐྱོ་བའི་ཁྱིམ་དུ་སྐྱེས་ཀྱི་ཡོད་ཅིང་ ་ཕྱི་ལོ་༡༩༩༡ ལོར་ལོ་དྲུག་མན་གྱི་ཕྲུ་གུ་བོུ་ནི། ས་ཡ་བཞི་དང་གྲངས་ཆུང་གཉིས་ཀྱིས་ཉུང་བ་བྱུང་ཡོད་པ་དང༌། དེ་ལས་༢༠༠༡ ལོར་ས་ཡ་དྲུག་གིས་ཉུང་བ་བྱུང་ཡོད་པའི་སྐོར་དང༌། ཡང་ཁོང་ཚོའི་ཞིབ་འཇུག་དེའི་ཐོག་ནས་༡༩༩༠ ཐམ་པའི་ནང༌། ཕྲུ་གུ་བུ་ཆིག་སྟོང་ལ་བོུ་༩༠༦ ལས་མེད་པ་དང༌། ༢༠༠༥ ལོར་བུ་ཆིག་སྟོང་ལ་བོུ་༨༣༦ ལས་མེད་པའི་བོུའི་གྲངས་ཀ་མང་ཉུང་ཁྱད་པར་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་མ་ཟད། ཕྱི་ལོ་༡༩༨༠ ཐམ་པ་ནས་༢༠༡༠ བར་ཕྲུ་གུ་བོུ་ས་ཡ་༡༢ མངལ་ནས་བཏོན་ཡོད་པའི་སྐོར་བསྡོམས་རྩིས་གསུང་ཡོད་པ་རེད། ཕྲུ་གུ་བོུ་མངལ་ནས་བཏོན་མཁན་མང་ཆེ་བ་ནི། ཕྲུ་གུ་དང་པོ་བོུ་སྐྱེས་པའི་རྗེས། ཕྲུ་གུ་གཉིས་པ་དེ་བོུ་ཡིན་པ་ཤེས་ན། བུ་གཅིག་གང་མགྱོགས་སྐྱེས་རྒྱུའི་རེ་བས་ཕྲུ་གུ་གཉིས་པ་དེ་མེད་པ་བཟོ་བ་དང༌། གལ་ཏེ་ཕྲུ་གུ་དང་པོ་དེ་བུ་ཡིན་ཚེ། ཕྲུ་གུ་གཉིས་པ་དེ་བུ་དང་བོུ་གང་ཡིན་འདེམས་ཀ་མི་བྱེད་པར་སྐྱེས་རྐྱང་བྱེད་ཀྱི་ཡོད་ཅིང༌། དམིགས་བསལ་ཁྱིམ་ཚང་ཤེས་ཡོན་ག་ཚོད་ཀྱི་ཆེ་བ་ཡོད་པ་ཚོས་ཕྲུ་གུ་དང་པོ་དེ་བོུ་སྐྱེས་ནའང། གཉིས་པ་གསུམ་པ་བུ་དང་བོུ་འདེམས་ཀ་དེ་ཙམ་བྱེད་མཁན་མེད་པའི་རྣམ་པ་གཟིགས་ཡོད་པ་གསུང་ཡོད་པ་རེད། རྒྱ་གར་དམངས་གཙོའི་རྒྱལ་ཁབ་དེའི་ནང་ཕྲུ་གུ་ག་ཚོད་སྐྱེས་ཀྱང་འདོད་པ་ཡིན་པ་ལས་རྒྱ་ནག་ལྟ་བུ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་གཞུང་གི་གཏན་འབེབས་ལག་བསྟར་བྱ་དགོས་ཀྱི་མེད་ཅིང༌། རྒྱ་ནག་ནང་ཕྲུ་གུ་བུ་སྐྱེས་རྒྱུའི་འདེམས་ཀ་བྱེད་པ་དེ། ཕྲུ་གུ་དང་པོ་ཁོ་ན་ནས་བུ་སྐྱེས་ཏེ་བོུ་མངལ་ནས་བཏོན་གྱི་ཡོད་པ་རེད།