དབུ་མའི་ལམ་ནི་བོད་ཀྱི་གནད་དོན་ཐད་ཐབས་ལམ་ཡག་ཤོས་དེ་ཡིན།


2015.08.05
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་རྒྱ་རིཊ་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༥།༥།༡༢ སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་རྒྱ་རིཊ་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༥།༥།༡༢
ཀླུ་འབུམ/RFA

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་ནི་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་གསུངས་འདུག
དེ་ཡང་IANSཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་དོན་དང་འབྲེལ་ཡོད་བཅར་འདྲི་ཞུ་སྐབས། ཁོང་གིས་དབུ་མའི་ལམ་ནི་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་འདི་ཟླའི་ཚེས་༨་ཉིན་ལོ་བཞི་ཏག་ཏག་འགྲོ་ཡི་ཡོད་པའི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ནི་རྒྱ་ནག་གཞུང་དང་འབྲེལ་མོལ་བསྐྱར་གསོ་གནང་རྒྱུ་དེ་ཡིན་པ་དང་། དབུ་མའི་ལམ་གྱི་བཞེངས་ཕྱོགས་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་རང་འཇགས་ཡིན་པ་དང་། དབུ་མའི་ལམ་གྱིས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞི་གཞིར་བཟུང་བོད་ཀྱི་གནད་དོན་སེལ་རྒྱུའི་དོན་གཉེར་གནང་གི་ཡོད་སྐོར་གསུངས་འདུག  
ད་དུང་སྲིད་སྐྱོང་མཆོག་གིས་གསུང་བར། ཉེ་དུས་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་Donald Tuskམཆོག་གིས་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་ལྕག་གནང་བ་དང་། དེའི་གོང་ལ་ཨ་མི་རི་ཀས་རྒྱ་གཞུང་ལ་༧གོང་ས་མཆོག་དང་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དོན་ཕན་ལྡན་པའི་གྲོས་མོལ་ཐད་ཀར་ཞུ་དགོས་སྐོར་གསུངས་པ་མ་ཟད། འདི་ལོའི་ཕྱི་ཟླ་༦་ཚེས་༢༤་ཉིན་སུས་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༢༩་པ་དེ་འཚོགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་དགོངས་ཚུལ་བཏོན་སྐོར་གསུངས་འདུག
ཡང་ཁོང་ནས་ཉེ་དུས་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་ཁང་ནང་འདས་གྲོངས་སུ་ཕེབས་པ་དེ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་། དེ་ཡིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བལྟ་བ་མཁྲེགས་བཟུང་གི་སྲིད་ཇུས་མུ་མཐུད་འཛིན་བཞིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པ་ཐེར་བཏོན་བྱེད་ཀྱི་ཡོད་ལུགས་དང་། བོད་དེ་བཞིན་འདས་པའི་ལོ་༥༦་རིང་རྒྱ་མིའི་བཙན་དབང་འོག་ཚུད་ན་ཡང་བོད་རྒྱ་ཆེའི་མི་མང་རྣམས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཞུམས་པ་མེད་པར་གསོན་པོར་གནས་ཡོད་ལ། ད་དུང་ཡང་མུ་མཐུད་ནས་གནས་ཀྱི་རེད་ཅེས་དང་། བོད་ནང་ཕྱི་དངོས་པོ་ཡར་རྒྱས་ཕྱིན་མིན་ལ་མ་ལྟོས་པར་གཞིས་ལུས་བོད་མི་རྣམས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཞབས་སོར་འཁོད་རྒྱུར་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་ཞུ་བཞིན་ཡོད་སྐོར་སོགས་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎