བོད་རྒྱའི་འབྲེལ་མོལ་གྱི་ནང་དོན་ཕྱིར་བསྒྲགས་གནང་འཆར།
2008.11.14
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གཉིས་དང་ཕྱག་རོགས་གསུམ་བཅས་ཉེ་དུས་ཕྱི་ཟླ་བཅུ་པའི་ཚེས་སུམ་བཅུ་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་བར་པེ་ཅིང་དུ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་འབྲེལ་ལམ་ཐེངས་བརྒྱད་པ་དེ་གནང་བར་ཕེབས་ཡོད་པའི་གནས་ཚུལ་ཁག་སྐུ་ཚབ་རྣམ་གཉིས་ནས་ཚེས་བཅུ་དྲུག་ཉིན་བཞུགས་སྒར་རྡ་རམ་ས་ལའི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་འབྲེལ་ལམ་ལྷན་ཁང་ནང་ཕྱིར་བསྒྲགས་གནང་འཆར་ཡོད་པ་རེད།
སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་འབྲེལ་མོལ་ཐེངས་བརྒྱད་པ་དེའི་སྐོར་ཕྱིར་བསྒྲགས་གནང་བའི་གནས་ཚུལ་ཡོངས་རྫོགས་ཐད་ཀར་ཊི་སྦེཏ་ཨོ་ལའེན་དྲ་རྒྱ་ཐོག་ནས་བཏོན་རྒྱུ་ཡིན་པ་རེད། སྐུ་ཚབ་རྣམ་གཉིས་རྒྱ་ནག་ནང་མ་ཕེབས་སྔོན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དབར་ཚེས་དྲུག་ཉིན་མཇལ་མོལ་གནང་ཏེ་བཀའ་བསྡུར་གནང་ཡོད་པ་དང་རྒྱ་ནག་ནང་ཕེབས་པའི་རིང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པའི་གྲས།དེ་བཞིན་ཀྲུའུ་འོད་ཇོན།སི་ཐར།བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་པད་མ་འཕྲིན་ལས་སོགས་དང་ཐུག་འཕྲད་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་བོད་རྒྱའི་འབྲེལ་མོལ་དེའི་ཐོག་བཟང་ཕྱོགས་ཀྱི་འབྲས་བུ་གང་ཡང་བྱུང་མེད་པ་དང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་བོད་མི་གནས་ཡོད་ས་ཁུལ་ཡོངས་རྫོགས་རང་སྐྱོང་ལྗོངས་གཅིག་ཏུ་སྒྲིལ་རྒྱུའི་གྲོས་འདོན་དེ་བཞིན་རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཐབས་མེད་པའི་ཁར་ལོ་རྒྱུས་ཐོག་ནས་དེ་ལྟར་གྱི་གནས་སྟངས་ཡོང་མྱོང་མེད་པ་རེད་ལ་མ་འོངས་ལ་ཡང་དེ་ལྟར་ཡོང་ཐབས་མེད་ལུགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།