རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུའི་རྒྱབ་སྐྱོར།
2011.06.21
༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གནད་ཡོད་ཚོགས་མི་སྐུ་ཞབས་ཇོན་མེ་ཀེན་མཆོག་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་མངའ་ཁུལ་གྱི་ཨེ་ཤེ་ཡའི་རྒྱལ་ཁབ་དེ་ཚོས་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུའི་ཆིག་སྒྲིལ་གྱི་གོང་བུའི་ནུས་ཤུགས་སྤེལ་ཕྱིར་ཨ་མི་རི་ཀའི་ཕྱོགས་ནས་དམག་དོན་དང་སྲིད་དོན་གྱི་རྒྱབ་སྐྱོར་སྤྲོད་རྒྱུ་ཚད་མཐོར་གཏོང་དགོས་ཀྱི་རེད་ཅེས་དེ་རིང་གསུང་འདུག་ ཁོང་གིས་དེ་རིང་ཨ་མི་རི་ཀའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་འཐབ་བྱུས་དང་ རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་ལ་དགོངས་ཚུལ་གསུང་སྐབས་རྒྱ་ནག་དང་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་རྒྱལ་ཁབ་དེ་ཚོའི་དབར་མཚོ་གླིང་གི་བདག་དབང་ཐད་ཀྱི་རྩོད་རྙོག་དེ་དག་ཛ་དྲག་ཅན་དུ་མ་འགྱུར་སྔོན་ལ་སྔོན་བརྡ་གཏོང་ཐུབ་པའི་ཆེད་དུ་ཨ་མི་རི་ཀས་མཐུན་འགྱུར་རོགས་སྐྱོབ་བྱེད་དགོས་ཀྱི་རེད་ཅེས་དང་ རྒྱ་ནག་གིས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཚོའི་དབར་གྱི་མི་མཐུན་པའི་འགལ་ཟླ་དེ་དག་ རྒྱ་ནག་གིས་རང་ཉིད་ཀྱི་དམིགས་ཡུལ་གྲུབ་ཕྱིར་རྒྱལ་ཁབ་དེ་ཚོའི་དབར་འཁོན་དཀྲུག་སློངས་ཀྱི་ཡོད་ཙང་ རྒྱ་ནག་གི་འཐབ་བྱུས་དེ་ལ་ཁ་གཏད་གཅོག་ཕྱིར་ དཔེར་ན་མ་ལེ་ཤི་ཡ་དང་སྦུ་རུ་ནའེའི་བར་ལ་བཞག་པའི་ཐུན་མོང་གི་གྲོས་མཐུན་ནང་བཞིན་ ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཕན་ཚུན་དབརགྱི་འགལ་ཟླའི་རིགས་ སྲིད་དོན་གྱི་ཐབས་ལམ་བརྒྱུད་ སེལ་ཐབས་བྱེད་རྒྱུར་ཡང་ ཨ་མི་རི་ཀས་མཐུན་འགྱུར་བྱེད་དགོས་ཀྱི་རེད་ཅེས་ ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཁོངས་ནས་ ཕྱི་ལོ་ ༢༠༠༨ ལོར་ ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ སྐུ་ཞབས་ཇོན་མེ་ཀེན་མཆོག་གིས་ནན་བརྗོད་གནང་ཡོད་པ་རེད་།