བལ་ཡུལ་དུ་ཆབ་སྲིད་ཀྱི་དཀའ་རྙོག་འཕྲད་བཞིན་པའི་སྐོར།
2009.10.25
༄༅༎བལ་ཡུལ་ཆིག་བསྒྲིལ་མའོའི་དམར་ཤོག་ཚོགས་པས་ཞི་བའི་མི་སྣ་སྲིད་དབང་གི་གོང་ན་མེད་པ་ཉིད་དུ་འགྱུར་ཐབས་སུ་ལས་དོན་ཇི་འདྲ་ཞིག་སྤེལ་དགོས་བྱུང་རུང་གྲ་སྒྲིག་ཡོད་ལུགས་དྲིལ་བསྒྲགས་བྱས་རུང་ཁ་གསལ་གང་ཡང་བརྗོད་མིན་འདུག
བལ་ཡུལ་གྱི་སྲིད་འཛིན་མཆོག་གིས་དམག་སྤྱིའི་དཀའ་རྙོག་དང་འབྲེལ་བའི་ལས་དོན་གནང་ཕྱོགས་དེ་ནི་རྩ་ཁྲིམས་དང་འགལ་འཛོལ་བྱུང་ལུགས་མའོའི་དམར་ཤོག་ཚོགས་པས་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་ཡིན་ཞིང་མའོའི་དམར་ཤོག་ཚོགས་པས་གཞུང་འཛིན་ནས་དགོངས་ཞུ་བྱས་པ་མ་ཟད་བལ་ཡུལ་གྲོས་ཚོགས་ཀྱིས་གནད་དོན་དེའི་ཐོག་གྲོས་མོལ་ནང་བགྲོ་གླེང་མ་གནང་བར་མའོའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ལས་དོན་བྱེད་རྒྱུར་དུས་ཡུན་རིང་པོའི་རིང་འགོག་རྐྱེན་བྱས་དང་བྱེད་བཞིན་པ་རེད། འོན་ཀྱང་བར་ལམ་བལ་ཡུལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ནང་ཁུལ་གྲོས་མོལ་གནང་མུས་ཡིན་ཞིང་ཁྱད་པར་དུ་བལ་ཡུལ་གྲོས་ཚོགས་ཀྱིས་སྔོན་རྩིས་འཆར་གཞི་བཀའ་འཁྲོལ་གནང་མ་ཐུབ་པར་ནར་ལུས་སུ་འགྱུར་ཏེ་གཞུང་གི་ལས་བྱེད་པར་གླ་ཕོགས་སྤྲོད་རྒྱུར་སྔོན་རྩིས་བཀའ་འཁྲོལ་མ་འཐོབ་པའི་དཀའ་ངལ་འཕྲད་བཞིན་པ་རེད། ལྷག་པར་དུ་མའོའི་དམར་ཤོག་ཚོགས་པའི་ཚོགས་གཞོན་མཱོ་ཧན་སྦའེ་རྫི་ཡ་ཡིས་གསུངས་པར་གཞིགས་ན་བལ་ཡུལ་གྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོས་བལ་ཡུལ་གྱི་གྲོས་ཚོགས་ནང་ལས་དོན་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་སུ་སྤྱི་མོས་ཀྱི་ཐབས་ལམ་འཚོལ་བཞིན་པའི་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་ལྷག་བསམ་རྣམ་དག་མེད་ལུགས་འགྲེལ་བརྗོད་གནང་ཡོད་པ་དང་ལྷག་པར་དུ་རིང་པོར་མ་ཐོག་པར་བལ་ཡུལ་རྒྱལ་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ལས་གཞན་ཐབས་ལམ་མེད་ལུགས་གསལ་བསྒྲགས་གནང་འདུག ཕྱོགས་མཚུངས་མའོའིའ་དམར་ཤོག་ཚོགས་པས་འགོ་ཁྲིད་སྦ་སྦུ་རམ་སྦ་ཏ་རའེ་ཡིས་རིང་མིན་བལ་ཡུལ་ནང་ཞི་བའི་མོ་སྣ་སྲིད་དབང་གི་གོང་ན་མེད་པ་ཉིད་དུ་འགྱུར་ཐབས་སུ་གྲོས་ཚོགས་ནང་བགྲོ་གླེང་འདོད་པ་ཁེངས་པ་མ་བྱུང་ན་བལ་ཡུལ་ཁྱོན་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།