བལ་ཡུལ་དམར་ཤོག་ཚོགས་པས་གཞུང་འཛུགས་གནང་ངེས།
2011.08.28
༄༅༎བལ་ཡུལ་དམར་ཤོག་མའོ་ཚོགས་པའི་འགོ་ཁྲིད་སྦ་སྦུ་རམ་བ་ཏ་རའེ་གྲོས་ཚོགས་ནང་སྲིད་བློན་འོས་བསྡུའི་རྒྱལ་ཁ་འཐོབ་ངེས་པར་འགྱུར་འདུག དམར་ཤོག་མའོ་ཚོགས་པའི་སྦ་སྦུ་རམ་བ་ཏ་རའེ་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་རམ་ཅན་རྡར་པའུ་ཌེལ་ རྣམ་གཉིས་ཀྱི་སྲིད་བློན་འོས་མིར་བཞུགས་ཡོད་པ་རེད། དམར་ཤོག་སི་པི་ཨེན་མཀསེ་ལེ་ནིན་ཚོགས་པས་ཀོང་རེ་སི་ཚོགས་པའི་འོས་མིར་རྒྱབ་སྐྱོར་བྱ་འདུན་ཡོད་ལུགས་གསུངས་ཡོད་པ་དང་ལྷོ་ཕྱོགས་མ་རྡེ་སི་སྲིད་དོན་ཚོགས་པ་དང་དེ་མིན་སྲིད་དོན་ཚོགས་པ་ཆུང་ཁག་ཚོས་དམར་ཤོག་མའོ་ཚོགས་པའི་འོས་མིར་རྒྱབ་སྐྱོར་བྱ་འདུན་ཡོད་ལུགས་གསུངས་གནང་འདུག གང་ལྟར་ཁྲིམས་བཟོའི་འཐུས་མིའི་གདན་གྲངས་༦༠༡་ཡོད་པ་ནས་འདས་གྲོངས་སུ་གྱུར་པ་དང་ཕྱིར་འབུད་བཏང་བ་ཕུད། ད་ཡོད་ཚོགས་མི་གྲངས་༥༩༤ཡོིད་པ་ནས་དམར་ཤོག་མའོ་ཚོགས་པར་འཐུས་མི་༢༩༨་ཡོད་པ་དང་། དམར་ཤོག་སི་པི་ཨེན་མཀསེ་ལེ་ནིན་ཚོགས་པར་འཐུས་མི་༢༣༦ཀོང་རེ་སི་ཚོགས་པར་འཐུས་མི་༡༡༤ཡོད་པ་རེད།
ཀོང་རེ་སི་ཚོིགས་པར་དམར་ཤོག་སི་པི་ཨེན་མཀ་སེ་ལེ་ནིན་ཚོགས་པས་རྒྱབ་སྐྱོར་བྱུང་ན་ཡང་མང་མོས་ལོན་གྱི་མེད་པས་སྲིད་བློན་འོས་བསྡུའི་རྒྱལ་ཁ་ལོན་བཟོ་མེད་པ་རེད། ད་ཡོད་ཁྲིམས་བཟོའི་འཐུས་མི་ ༥༩༤ཡོད་པ་ནས་ཉུང་མཐར་༢༩༨ཀྱི་རྒྱབ་སྐྱོར་འཐོབ་ན། མང་མོས་འཐོབ་སྟེ་སྲིད་བློན་ལ་ངེས་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༦ལོར་བལ་ཡུལ་ནང་ཞི་འགྲིག་བྱུང་ནས་བཟུང་ད་བར་གཞུང་འཛིན་འཕོ་བསྒྱུར་ལན་གསུམ་བྱུང་བའི་རིང་བལ་ཡུལ་གྱི་ཁྲིམས་བཟོ་དང་། རྒྱུན་གནས་ཐུབ་པའི་ཞི་འགྲིག་ལས་དོན་འགྲུབ་ཐུབ་མེད་པ་རེད། ཕྱི་ཟླ་༨་པའི་ཚེས་༣༡་ཉིན་བལ་ཡུལ་ཁྲིམས་བཟོའི་འཐུས་མི་ལྷན་ཚོགས་ཀྱི་ལས་ཡུན་ཟླ་གསུམ་རིང་ཕར་འགྱངས་གནང་བའི་དུས་ཡུན་རྫོགས་ཀྱི་ཡོད་སྟབས་སླར་ཡང་གྲོས་ཚོགས་སུ་ད་ཡོད་ཁྲིམས་བཟོའི་འཐུས་མིའི་ལས་ཡུན་ཟླ་གསུམ་རིང་ཕར་འགྱངས་གནང་རྒྱུའི་གཞུང་འབྲེལ་གྲོས་འཆར་བཏོན་ཡོད་པ་རེད།།