མའོ་ཙེ་ཏུང་གི་དུས་སྐབས་སུ་བོད་ཀྱི་སྲིད་འབྱོར་རིག་གསུམ་ཆེས་སྡུག་ཤོས་ཀྱི་གནས་སུ་ལྷུངས་ཡོད་པ་འབྲེལ་ཡོད་ཉམས་ཞིབ་པས་བརྗོད་བྱུང་།
ཉེ་ལམ་ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཟུར་པ་མའོ་ཙེ་ཏུང་སྐྱེས་ནས་ལོ་ངོ་ ༡༣༠ འཁོར་བའི་དུས་དྲན་ཟེར་བ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུས་ཏེ། མའོ་ཙེ་ཏུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་བོད་མིར་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་བྱས་འདུག་ཀྱང་། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བོད་མི་ན་གཞོན་ཞིག་གིས། རྒྱ་ནག་གཞུང་གིས། རྒྱུན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུས་ཆེན་ཟེར་བ་དང་། དམར་ཤོག་དབུ་བརྙེས་པའི་དུས་ཆེན། མའོ་ཙེ་ཏུང་སྐྱེས་པའི་ཉིན་མོ་སོགས་དུས་དྲན་དེ་དག་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་ཏེ། བོད་ཀྱི་ལོ་རྒྱུས་ལ་དངོས་བདེན་མིན་པའི་འཁྱོགས་བཤད་ཀྱིས་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ། མཐར་ཐུག་བོད་མི་ཚོ་ཡིད་ཆེས་དགོས་པ་བཟོ་ཡི་ཡོད་པ་མ་ཟད། གོང་ཞུས་དུས་དྲན་དེ་དག་གི་སྐབས་སུ། ལོ་རབས་ ༤༠ དང་ ༥༠ བཅས་ཀྱི་སྐབས་སུ། བོད་མི་ཁྱིམ་ཚང་དབུལ་ཕོངས་འགའ་ཤས་ཀྱི་པར་རིས་འགྲེམས་སྟོན་བྱས་ཏེ། སྐབས་དེ་དུས་བོད་ཆ་ཚང་དེ་འདྲ་ཡིན་པ་འགྲེལ་བརྗོད་དང་སྦྲགས། བོད་བཅིངས་འགྲོལ་བཏང་ནས་བོད་ཡར་རྒྱས་ཕྱིན་ཡོད་པ་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དེང་གི་རང་བཙན་རྒྱལ་ཁབ་མང་པོ་ཞིག་བཅིངས་འགྲོལ་ཟེར་བ་བཏང་མི་དགོས་པའི་སྒོ་ནས་ཡར་རྒྱས་ཕྱིན་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་མའི་ཙེ་ཏུང་སྐྱེས་པའི་ཉིན་དང་བསྟུན་གཞུང་འབྲེལ་གསར་སྤེལ་ཁང་ཁག་ཏུ། མའོ་ཙེ་ཏུང་གི་འཆར་གཞི་གཞིར་བཟུང་། གྲོས་མཐུན་དོན་མཚན་ ༡༧ ཟེར་བ་བོད་གཞུང་དང་གྲོས་འཆམ་བྱུང་ནས་བཞག་སྟེ། ཕྱི་ལོ་ ༡༩༥༡ ཟླ་བ་ ༡༠ པའི་ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མའོ་ཙེ་ཏུང་ལ་གློག་འཕྲིན་བཏང་ནས་གང་ཉིད་མཆོག་གིས་གྲོས་མཐུན་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ཚུལ་རྒྱ་ནག་གཞུང་གིས་བརྗོད་འདུག་པ་མ་ཟད། སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཐོ་རིམ་མི་སྣ་སྲིད་ཚབ་སྟག་བྲག་རིན་པོ་ཆེ་སོགས་ནི་བོད་ལྗོངས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་དང་བཙན་རྒྱལ་རིང་ལུགས་ཟེར་བའི་ཕྱོགས་གཏོགས་ཡིན་ཚུལ་བརྗོད་དེ་བོད་ལྗོངས་འདི་ཉིད་རྒྱ་ནག་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་ཡོད་ཚུལ་བརྗོད་པ་སོགས་ཀྱི་དྲིལ་བསྒྲགས་སྤེལ་བ་ནི། ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་གསལ་སྟོན་བྱས་པ་ཞིག་ཀྱང་ཡིན།
གོང་ཞུས་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཁོང་གིས། ད་སྐབས་བོད་མི་སུ་འདྲ་ཞིག་གིས། མང་ཚོགས་ལ་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། ལྷག་དོན་དུ་དེ་སྔ་བོད་རང་བཙན་ཡིན་པའི་ལོ་རྒྱུས་སོགས་འགྲེལ་བརྗོད་བྱེད་མཁན་རྣམས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱེད་ཀྱི་འདུག་ཅེས་བརྗོད་དེ། དེ་སྔོན་ཕྱི་ལོ་ ༢༠༢༢ ལོའི་མགོ་སྟོད་དུ་སྣ་དཀར་རྩེ་རྫོང་ཁུལ་དུ་བོད་མི་གཉིས་ཀྱིས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་ཡི་གེ་དང་རྒྱལ་དར་སོགས་བདག་ཉར་བྱས་པའི་ཉེས་མིང་འོག་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། མའོ་ཙེ་ཏུང་གིས་བོད་ལ་དབང་བསྒྱུར་བྱེད་པའི་སྐབས། བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་མ་ཟད། ཆོས་ལུགས་དང་རིག་གནས་བཀོལ་སྤྱོད་བྱེད་ས་མེད་པ་སོགས་བོད་ཀྱི་སྲིད་འབྱོར་རིག་གསུམ་ནི་ཆེས་སྡུག་ཤོས་ཀྱི་གནས་སུ་གྱུར་ཡོད་པ་གསུངས་ཤིང་། བོད་ཞི་བས་བཅིངས་འགྲོལ་བཏང་ཡིན་ཟེར་བ་དེ་ནི་དོན་དངོས་ཐོག་རྒྱ་ནག་དམར་ཤོག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོ་རྩ་མེད་བཏང་བའི་རྗེས། བོད་མི་རྣམས་འུ་ཐུག་ཐབས་ཟད་དེ། མཐར་བཙན་གྱིས་གྲོས་མཐུན་དོན་མཚན་ ༡༧ ཟེར་བ་དེ་བཞག་དགོས་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་མིའི་རང་དབང་དོན་དུ་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༦༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་ཀྱི་དགོན་སྡེ་སྟོང་ཕྲག་དྲུག་ཙམ་ཞིག་གཏོར་བཤིག་བཏང་ཡོད་པ་ལོ་རྒྱུས་ནང་གསལ་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། བོད་ནང་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཁར། ད་བར་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་བཏང་ཡོད་པ་དེ་དག་ད་དུང་ཡིན་ནའང་། རྒྱ་ནག་གཞུང་གིས་ཁ་གསབ་བྱས་མེད་པ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་གཞུང་འབྲེལ་གསར་སྤེལ་ཁང་གིས། མའོ་ཙེ་ཏུང་གི་རྗེས་དྲན་རྩོམ་ཡིག ཆེད་བསྟོད་སོགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་སྤེལ་འདུག་པ་མ་ཟད། འདི་ཚེས་ ༢༦ ཉིན་པེ་ཅིང་དུ་བསྐོང་ཚོགས་བྱས་བའི་མའོ་ཙེ་ཏུང་སྐྱེས་ནས་ལོ་ངོ་ ༡༣༠ འཁོར་བའི་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟེར་བའི་ཐོག་ཞི་ཅིན་ཕིང་མཉམ་ཞུགས་བྱས་ཏེ། མའོ་ཙེ་ཏུང་གི་གསར་སྐྲུན་བྱས་པའི་ལས་དོན་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་པར་བྱ་དགོས་པ་སོགས་བརྗོད་འདུག་པ་དང་། ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། ད་སྐབས་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་གཞུང་གིས་མའེ་ཙེ་ཏུང་ལ་སྔར་ལས་ལྷག་པའི་ཆེད་བསྟོད་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གིས་སྲིད་བྱུས་འཛིན་སྟངས་ལ་གྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།