ཡུ་གུར་མི་མང་པོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ།
2009.10.21
༄༅༎འདི་ལོ་ཕྱི་ཟླ་བདུན་པའི་ནང་ཡུ་གུར་ཁུལ་དུ་རྒྱ་ཧན་མི་རིགས་དང་ཡུ་གུར་མི་རིགས་དབར་གྱི་འཁྲུག་འཛིང་ཁྲོད་ཡུ་གུར་མི་མང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་འདུག
འདི་ལོ་ཕྱི་ཟལ་བདུན་པའི་ནང་རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཏན་གྱི་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་གྱི་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་དོན་རྐྱེན་དེའི་ནང་ཞུགས་མཁན་མི་མང་མང་པོ་ས་གནས་ཉེན་རྟོག་དམག་མི་དང་དྲག་ཆས་དམག་མི་སོགས་ནས་རིམ་པས་འཛིན་བཟུང་བྱས་ཡོད་པ་མ་ཟད་དོན་རྐྱེན་དེ་བྱུང་ནས་བདུན་ཕྲག་གཅིག་ནང་ཚུད་དུ་མི་མང་ཉིས་བརྒྱ་ལྷག་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཡུ་གུར་ནང་བྱུང་བའི་དོན་རྐྱེན་དེ་ནི་ཁྲག་གི་དོན་རྐྱེན་ཞིག་ཏུ་གྱུར་ཡོད་པ་དང་དོན་རྐྱེན་དེ་བྱུང་བའི་རྗེས་སུ་རིམ་པས་ས་གནས་ཉེན་རྟོག་པ་དང་དྲག་ཆས་དམག་མིས་དོན་རྐྱེན་དེའི་ནང་རྨས་སྐྱོན་ཕོག་པའི་མི་སྣ་ཁག་རྒྱ་ལམ་ནས་རིམ་པས་འཛིན་བཟུང་བྱས་པ་དང་ཉེས་རྡུང་བཏང་བ་ ལྷག་པར་དུ་ཉེན་རྟོག་པས་ཡུ་གུར་མི་རིགས་ཀྱི་ཚོང་ཁང་དང་ཡིག་ཚང་ ཁང་པ་སོགས་ལ་མེ་རྒྱབ་པ་སོགས་འགྲེལ་བརྗོད་བྱེད་དཀའ་བའི་གནས་སྟངས་སུ་གྱུར་སོང་ཞེས་སྐབས་དེར་གན་སཚུལ་དངོས་སུ་མིག་མཐོང་བྱུང་བའི་མི་སྣས་བརྗོད་ཡོད་པ་རེད་ཅེས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་དེ་རིང་གསལ་སྟོན་གནང་འདུག གང་ལྟར་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ཁུལ་དུ་བྱུང་བའི་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་གྱི་འཁྲུག་འཛིང་གི་དོན་རྐྱེན་དེའི་འོག་ཡུ་གུར་མི་རིགས་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་ད་དུང་ཡང་མི་མང་དེ་ཚོའི་གནས་སྟངས་གསལ་པོ་ཤེས་རྟོགས་མེད་པ་རེད་ཅེས་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་གསལ་སྟོན་གནང་འདུག