བོད་ནང་གི་ས་ཕྱོགས་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པ།
ཉེ་སྔོན་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་བཀག་སྡོམ་དམ་དྲག་ཀྱི་སྲིད་ཇུས་གློད་དེ་མི་མང་ལ་སོ་སོར་བདག་པོ་རྒྱག་དགོས་པ་དང་། གལ་སྲིད་ནད་མནར་ཚབས་ཆེན་བྱུང་ཚེ་ སྨན་ཁང་དུ་སྟོན་དགོས་ལུགས་བསྒྲགས་པས་མཚོ་སྔོན་ཟི་ལིང་དང་། ཡུལ་ཤུལ་དང་རེབ་གོང་ཁུལ་དང་སི་ཁྲོན་རྔ་བ་ཁུལ་སོགས་སུ་ཆམ་རིམས་ལྟ་བུ་ནད་ཕོག་སྟེ་ལུས་ལ་ན་ཟུག་བཏང་བ་དང་། ཚ་བ་རྒྱས་པ་དང་མགོ་ན་བ་སོགས་ཀྱི་ནད་མནར་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་དང། ནད་པ་མང་དྲགས་བའི་རྐྱེན་གྱིས་སྨན་པར་བསྟེན་གཏུགས་ཐུབ་ཀྱི་མེད་པ་དང་། དེ་བཞིན་སྨན་ཉོ་ས་མེད་པ་སོགས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་། བོད་ནང་གི་ས་གནས་ཁག་མང་པོའི་ནང་ནད་པ་ལོ་རྒན་རྒོན་མང་པོ་གྲོངས་བཞིན་ཡོད་པའི་གནས་ཚུལ་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་མི་སྣ་ཁག་ཅིག་འགྲེལ་བརྗོད་གནང་སོང་།
དེའང་ཟི་ཁྲོན་རྔ་བ་ཕྱོགས་ནས་ཡིན་པའི་བོད་མི་ཞིག་གིས་ད་ལྟའི་ཆར་རྔ་སྟོད་ཕྱོགས་སུ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་གྱིས་ཁོང་གིས་ངོ་ཤེས་པ་དང་། ངོ་ཤེས་པ་བརྒྱུད་པའི་མི་ཡར་མར་ཁྱོན་བཞི་བཅུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མང་ཆེ་ཤོས་ལོ་ན་རྒན་པ་ཡིན་པ་བརྗོད་བྱུང་། དེ་བཞིན་རྔ་བའི་ནང་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་གནས་སྟངས་དེའི་ཐད་རྒྱུས་ལོན་ཡོད་མཁན་བོད་མི་གཞན་ཞིག་གིས་ད་ལྟ་ཁོང་ཚོའི་ཕ་ཡུལ་ནང་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་དེ་ནི་གཙོ་བོ་ཉེ་ཆར་རྒྱ་གཞུང་གིས་གློ་བུར་ཏོག་དབྱིབས་ནད་ཡམས་དམ་དྲག་གི་སྲིད་ཇུསས་གློད་དུ་བཏང་པ་དེས་རྐྱེན་པས་བྱས་པ་ཡིན་པ་གསུངས་སོང་། ཨ་མདོ་རེབ་གོང་ཁུལ་དུ་མ་མཐའ་ཡང་མི་ལྔ་ལྷག་འདས་གྲོངས་སུ་གྱུར་ཡོད་པ། ས་གནས་ནས་གནས་ཚུལ་ཡོང་ཁུངས་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་ནད་པ་མང་པོ་ཤི་བཞིན་ཡོད་པའི་གནས་ཚུལ་རྒྱ་ནག་ནང་ཁུལ་གྱི་གྲོང་ཁྱེར་ཁག་མང་པོའི་ནང་གཅིག་མཚུངས་ཡིན་པ་བརྗོད་བཞིན་ཡོད་པ་ཁར། ཟླ་བ་འདིའི་ཚེས་༢༥ བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། རྒྱ་ནག་གི་ཚན་རིག་དང་། བཟོ་སྐྲུན་རིག་གནས་ཀྱི་གཙུག་ལག་སློབ་དཔོན་ཁྱོན་བསྡོམས་༡༥ གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཚོ་གྲོངས་རྐྱེན་ཏོག་དབྱིབས་ནད་ཡམས་་ཡིན་པ་གསལ་པོ་བརྗོད་མེད་པ་རེད་།
གསར་འགོད་པ། གུ་རུ་ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།